༄༅།། ཉེ་ཆར་ཇོ་མོ་གླང་མའི་འཆི་གནས་ཞེས་འབོད་པའི་གངས་རིའི་ཁྲོད་དུ་ཤར་པ་སྣེ་ཤན་པ་ཞིག་གིས་རྒྱ་མོ་དྲན་པ་འཐོར་ཡོད་པ་ཞིག་བསྐྱབས། ཕྱིས་སུ་རྒྱ་མོ་དེས་སྐྱོབ་གླ་ཨ་སྒོར་ཁྲི་ཚོ་༡་མ་སྤྲད་པར་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མོ་ལ་ཁ་རྡུང་དྲག་པོ་གཏོང་གི་ཡོད་ཅིང་། ཤར་པ་སྣེ་ཤན་པ་དང་སྐྱོབ་རོགས་གཉིས་ཀས་རྒྱ་མོ་དེར་བཟོད་པ་སྒོམ་གནང་རོགས་ཞེས་མི་མང་ལ་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༦་པའི་ཚེས་༡༢་ཉིན་ཧྥར་སི་ཊི་ཕོ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༥་པའི་ཚེས་༡༨་ཉིན་གྱི་ཕྱི་དྲོར་ཤར་པ་སྣེ་ཤན་པ་དེས་ཧྥན་ཅང་ཐའོ་(Fan Jiangtao)་ཞེས་པའི་རྒྱ་ནག་གི་རི་འཛེག་པ་ཞིག་ཁྲིད་ནས་ཇོ་མོ་གླང་མར་འཛེགས། ཁོ་ཚོས་རྒྱ་མོ་ལིའུ་ཞེས་པ་ཞིག་ཇོ་མ་གླང་མའི་རྩེ་རུ་མ་བསླེབས་པའི་མཚམས་སུ་དྲན་པ་འཐོར་ནས་རིལ་ཡོད་པ་རྙེད། རྒྱ་མོ་ལིའུ་ནི་རྒྱ་ནག་གི་ཧུ་ནན་ཞིང་ཆེན་ནས་ཡིན་པ་དང་ཧྥན་ཅང་ཐའོ་ཇོ་མོ་གླང་མའི་རྩེ་རུ་འཛེག་རྒྱུ་མཚམས་བཞག ཁོ་པས་ཤར་པ་སྣེ་ཤན་པར་རོགས་པ་བྱས་ནས་རྒྱ་མོ་ལིའུ་སྐྱོབ་རྒྱུའི་ཐག་བཅད།།
ཇོ་མོ་གླང་མའི་སྟེང་དུ་མཁའ་དབུགས་སྲབ་པ་དང་གངས་ལམ་ལ་ཉེན་ཁ་ཆེ་བ། ཁོ་ཚོས་རྒྱ་མོ་ལིའུ་ཁུར་ནས་མི་ཊར་༢༠༠་ཐམ་པའི་ལམ་དུ་མར་བབས་པའི་རྗེས་སུ་ངལ་དུབ་ཀྱིས་མནར། ཧྥན་ཅང་ཐའོ་རོགས་པ་ཞིག་འཚོལ་དུ་ཕྱིན་ཏེ་ཧུ་ནན་ཞིང་ཆེན་རི་འཛེག་མཐུན་ཚོགས་ཀྱི་རི་འཛེག་པ་ཤེ་རུ་ཤང་(Xie Ruxiang)་རྙེད། ཤེ་རུ་ཤང་གིས་ཀྱང་གངས་རི་འཛེག་རྒྱུ་མཚམས་བཞག་སྟེ་རྒྱ་མོ་ལིའུ་སྐྱོབ་རྒྱུའི་མོས་མཐུན་བྱས། ཤེ་རུ་ཤང་གིས་ཤར་པ་སྣེ་ཤན་པ་དེ་སྟོབས་ཤུགས་ཆེ་ཡང་རྒྱ་མོ་དེ་སྐྱོབ་ཀྱི་མི་འདུག ང་ཚོས་ཁོ་པར་ཨ་སྒོར་ཁྲི་ཚོ་༡་གླ་ཆ་སྤྲོད་རྒྱུའི་ཁས་བླངས། དེ་ནས་ཤར་པ་དེས་རྒྱ་མོ་ལིའུ་རྒྱབ་ཏུ་ཁུར། ཧྥན་ཅང་ཐའོ་དང་ཤེ་རུ་ཤང་གཉིས་ཀྱིས་རེ་མོས་སུ་རྒྱབ་ལོགས་ནས་རྒྱ་མོ་ལིའུ་ཡི་རྐང་པའི་ནང་དུ་ཁྲག་རྒྱུག་པར་རྐང་པ་ཡར་བཀྱགས། ཁོ་ཚོར་ཉེ་ཞོ་མེད་པར་ཇོ་མོ་གླང་མའི་རི་འདབས་ཀྱི་སྒར་སར་བསླེབས།།
ཧྥར་སི་ཊི་ཕོ་སི་ཊི་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་མོ་ལིའུ་ལ་སྨན་བཅོས་བྱས་ནས་ཉིན་ཤས་རྗེས་སུ་དྲག་སྐྱེད་བྱུང་། ཤར་པ་སྣེ་ཤན་པས་སྐྱོབ་གླ་སྤྲོད་རོགས་ཞེས་དེད། རྒྱ་མོ་ལིའུ་ཡིས་སྐྱོབ་གླ་ཨ་སྒོར་༤༠༠༠་ལས་མ་སྤྲད། ཧྥན་ཅང་ཐའོ་ཡིས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་ང་དང་ཤེ་རུ་ཤང་གིས་ཨ་སྒོར་༡༨༠༠་རེ་སྤྲད་པ་ཡིན། རྒྱ་མོ་ལིའུ་ཡིས་ཨ་སྒོར་༡༥༠༠་ལས་སྤྲད་མ་སོང་། ང་ཇོ་མོ་གླང་མའི་རྩེ་རུ་འཛེག་པར་ཉི་མ་༤༠་ཐམ་པའི་དུས་ཚོད་བཏང་སྟེ་གྲ་སྒྲིག་བྱས་པ་དང་ཨ་སྒོར་༥༤༠༠༠་ལྷག་འགྲོ་གྲོན་བཏང་བ་ཡིན། ང་ཇོ་མོ་གླང་མའི་རྩེ་རུ་འཛེག་རྒྱུ་བློས་བཏང་ཡང་རྒྱ་མོ་ལིའུ་ནི་ངོ་སོ་ཡོད་པའི་མི་ཞིག་མ་རེད་ཅེས་བསྒྲགས། དེར་བརྟེན་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་མོ་ལིའུ་ལ་ངོ་ཚ་མི་འདུག ཁོ་མོས་སྲོག་སྐྱོབ་ཀྱི་དྲིན་ཆེན་ཚོར་དྲིན་ལན་ལོག་འཇལ་བྱས་པ་ནི་ཐབས་རྡུགས་རེད། ཁོ་མོས་སྲོག་སྐྱོབ་བྱེད་མཁན་ཚོར་དངུལ་སྒོར་སྤྲོད་དགོས་ཞེས་ཁ་རྡུང་གཏོང་རྒྱུ་འགོ་ཚུགས། ཤེ་རུ་ཤང་དང་ཤར་པ་སྣེ་ཤན་པས་རྒྱ་མོ་ལིའུ་ལ་བཟོད་སྒོམ་བྱ་དགོས་ཞེས་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༦་པའི་ཚེས་༨་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་མོ་ལིའུ་ནི་ལོ་༥༠་ཐམ་པ་ཡིན་པ་དང་ཤར་པ་སྣེ་ཤན་པ་ཚོས་གནམ་གཤིས་འཚུབ་པའི་ཇོ་མོ་གླང་མའི་སྟེང་དུ་མི་ཁྲིད་པ་དང་རི་འཛེག་པ་རྣམས་སྐྱོབ་དགོས་ན་གླ་ཆ་ཨ་སྒོར་༨༠༠༠་ནས་༡༠༠༠༠་རེ་ལེན་རྒྱུ་གཏན་འབེབས་ཡིན་ཞིང་། ད་ལོའི་ཕྱི་ཟླ་༣་པ་ནས་༥་པའི་བར་དུ་བལ་ཡུལ་གཞུང་གིས་མི་༤༧༨་ལ་ཇོ་མོ་གླང་མའི་རྩེ་རུ་འཛེག་ཆོག་པའི་ཆོག་མཆན་སྤྲད། རྒྱ་མོ་ལིའུ་ཇོ་མོ་གླང་མའི་རྩེ་རུ་འཛེགས་ཏེ་ཕྱིར་ལོག་བྱས་པའི་ལམ་དུ་དྲན་པ་འཐོར། ཁོ་མོས་སྐྱོབ་གླ་མ་སྤྲད་པར་ཧྥན་ཅང་ཐའོ་ཁོང་ཁྲོས་བརྟས། ཁོ་པས་རྒྱ་མོ་ལིའུ་ལ་ཁྱོད་ཀྱི་སྤྱོད་པར་ང་ཞེན་པ་ལོག་སོང་། ང་ལ་ཁྱོད་ཀྱི་ལག་ནས་དངུལ་སྒོར་སྨར་རྡོག་གཅིག་མི་དགོས། ཁྱོད་ཀྱིས་སྐྱོབ་གླ་སྤྲོད་མི་དགོས་ཟེར་བ་ཡིན། ང་ཇོ་མོ་གླང་མའི་རྩེ་རུ་འཛེག་རྒྱུ་བློས་གཏོང་འདོད་མ་བྱུང་། ཁོ་མོའི་སྐྱོབ་གླ་རྣམས་ང་ཚོས་སྤྲོད་དགོས་བྱུང་སོང་། ངས་ཅི་ཞིག་བཤད་དགོས་པ་ཤེས་ཀྱི་མི་འདུག ཁོ་མོས་རང་གི་སྲོག་སྐྱོབ་བྱེད་མཁན་ལ་སྐྱོབ་གླ་མི་སྤྲོད་པར་ང་ཧང་སང་སོང་ཞེས་བཀྲལ།།
ད་ལྟའི་གནས་ཚུལ་དེར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་བྱུང་སྟེ་ཝི་པོ་དྲྭ་ཚིགས་སུ་མི་གྲངས་དུང་ཕྱུང་༣་ལྷག་གིས་བལྟས་ནས་ལིའུ་ལ་ཁ་རྡུང་གི་ཚིག་མཚོན་བཏབ། མི་མང་པོས་མ་འོངས་པར་ཇོ་མོ་གླང་མའི་སྟེང་དུ་མི་ལ་དཀའ་ངལ་འཕྲད་ན་གཞན་གྱིས་སྐྱོབ་རྒྱུ་རེད་དམ། ཧ་ལམ་སྐྱོབ་མི་སྲིད། ཁོ་མོས་རི་འཛེག་པ་གཞན་གྱི་ཕུགས་བསམ་དཀྲུགས། ང་ཚོས་རྒྱ་མོ་ལིའུ་ཇོ་མོ་གླང་མའི་རི་འདབས་སུ་རྒྱང་ཕུད་གཏོང་དགོས། ཁོ་མོར་སྤྱོད་ཤེས་མེད་པ་ཡིན་ནམ། ཁོ་མོའི་ཚེ་སྲོག་ལ་ཨ་སྒོར་ཁྲི་ཚོ་༡་གི་རིན་ཐང་མེད་དམ་ཞེས་མཆན་བྲིས། ཐོག་མར་ཧྥན་ཅང་ཐའོ་ཡིས་ང་དང་ཤེ་རུ་ཤང་གཉིས་སྐྱིད་པོ་ཞིག་མ་བྱུང་། ད་སྔ་བུད་མེད་དེས་ང་ཚོར་བཀའ་དྲིན་ཆེ་ཡང་ཟེར་མ་བྱུང་། ཁོ་མོ་དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་རེད་ཅེས་སྨྲས། རྒྱ་མོ་ལིའུ་ལ་སྤྱི་ཚོགས་དྲྭ་ལམ་དུ་ཁ རྡུང་བཏང་བའི་རྗེས་སུ་ཧྥན་དང་ཤེ་གཉིས་ཀས་ལིའུ་ལ་ཁ་རྡུང་མ་གཏོང་། ཁོ་མོའི་ཚེ་སྲོག་སྐྱོབ་རྒྱུ་དེ་ང་ཚོས་དང་བླངས་བྱས་པ་ཡིན། ཁོ་མོས་བཀའ་དྲིན་ཚོར་མིན་ནི་དོ་བདག་གི་འདོད་པ་རེད་ཅེས་འབོད་སྐུལ་ཞུས།།
ཕྱི་ཟླ་༦་པའི་ཚེས་༡༢་ཉིན་ཧྲང་ཧེ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༥་པའི་ཚེས་༡༨་ཉིན་ཧུ་ནན་ཞིང་ཆེན་གྱི་རི་འཛེག་མཐུན་ཚོགས་ཀྱི་ཚོགས་མི་རྣམས་མི་ཊར་༨༤༥༠་ཐམ་པའི་མཚམས་འཛེགས། ཁོ་ཚོ་རི་རྩེར་སླེབས་པར་མི་ཊར་༤༠༠་ལས་མེད་པའི་མཚམས་སུ་ལིའུ་གངས་ཁྲོད་དུ་རིལ་ཡོད་པར་ཐུག ཁོ་མོའི་ལག་པ་ཕྱིད་ནས་ནག་པོར་གྱུར། གདོང་ལ་འཁྱག་པ་ཆགས་། ཧྥན་ཅང་ཐའོ་ཡིས་རང་གི་འཚོ་རླུང་ལྕགས་མདོང་ནང་གི་འཚོ་རླུང་རྣམས་ལིའུ་ལ་བགོ་བཤའ་བརྒྱབ། ཁོ་མོར་ཆུ་བླུད་པ་དང་ཀ་ར། ་ཆོག་ལེ་ཊི་སོགས་སྤྲད་ནས་རིམ་གྱིས་དྲན་པ་སོས། ཧྥན་ཅང་ཐའོ་དང་ཤེ་རུ་ཤང་གཉིས་ཀྱིས་ཤར་པ་སྣེ་ཤན་པ་གླས་ནས་ཇོ་མོ་གླང་མའི་སྟེང་དུ་མི་སྲོག་བསྐྱབས། ཁོ་ཚོས་ཆུ་ཚོད་བཞིའི་རིང་ལིའུ་རྒྱབ་ཏུ་ཁུར་ནས་ཇོ་མོ་གླང་མའི་རི་འདེབས་ཀྱི་སྒར་སར་བསླེབས། ཧྥན་དང་ཤེ་གཉིས་ཀས་ཤར་པ་དེར་སྲོག་སྐྱོབ་ཀྱི་གླ་ཆ་སྤྲོད་དགོས་བྱུང་ཞིང་། ཤར་པ་དེར་ཨ་སྒོར་༤༠༠༠་ལས་མ་ཐོབ་པ་རེད་ཅེས་གནས་ཚུལ་སྤེལ།།
བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ཞིན་ཅང་ཁེ་ཐུ་རི་འཛེག་མཐུན་ཚོགས་ཀྱིས་ང་ཚོས་ལིའུ་ཇོ་མོ་གླང་མར་འཛེག་རྒྱུ་བཀོད་སྒྲིག་བྱས་པ་ཡིན། ང་ཚོས་ཨ་སྒོར་ཁྲི་ཚོ་༡་སྤྲད་ནས་བུ་ལོན་འཇལ་དགོས་པ་རྣམས་འཇལ། དངུལ་སྒོར་སྐྱིན་པ་སྤྲོད་དགོས་པ་རྣམས་སྤྲོད་པ་ཡིན། སྲོག་སྐྱོབ་སྐབས་སུ་བཀོལ་སྤྱོད་བྱས་པའི་ཅ་ལག་རྣམས་ཕྱིར་སློག་བྱས་ཟིན། ཞིན་ཅང་ཁེ་ཐུ་རི་འཛེག་མཐུན་ཚོགས་ཀྱིས་ཤར་པ་སྣེ་ཤན་པ་དང་ཧྥན་ཅང་ཐའོ། ཤེ་རུ་ཤང་གསུམ་གྱིས་ལིའུ་ཡི་ཚེ་སྲོག་བསྐྱབས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རི་འཛེག་གི་དུས་སུ་ལིའུ་དང་ཤར་པ་སྣེ་ཤན་པ་གཉིས་ཁ་འཐོར་ཕྱིན་པའི་ལན་ཁག་ང་ཚོར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ད་ལྟ་རྒྱ་ནག་དང་འཛམ་གླིང་ཡུལ་གྲུ་གང་སར་ཇོ་མོ་གླང་མའི་རྩེ་རུ་འཛེག་རྒྱུ་དེ་དོན་སྙིང་ལྡན་པ་ཞིག་རེད་དམ། གངས་རིའི་སྟེང་དུ་མིའི་ཚེ་སྲོག་འཆོར་གྱི་ཡོད་ཀྱང་རི་འཛེག་པ་རྣམས་རྒྱུན་ཆད་མེད་པར་ཇོ་མོ་གླང་མ་རྩེ་རུ་འཛེགས་དོན་ཅི་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག