ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

བལ་པོའི་དམག་མིས་གངས་རིའི་སྟེང་གི་གད་སྙིགས་བཏུས། 


༄༅།། བལ་པོའི་དམག་གི་མཐུན་འགྱུར་དང་འགོ་ཁྲིད་འོག་༢༠༢༣་ལོའི་གངས་རི་གཙང་སྦྲའི་ལས་འགུལ་སྤེལ། ཕྱི་ཟླ་༥་པའི་ཚེས་༢༥་ཉིན་ཧི་མ་ལ་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་༣་པའི་ཚེས་༢༨་ནས་ཟླ་༦་པའི་ཚེས་༥་བར་དུ་ཇོ་མོ་གླང་མ་དང་ལྷོ་རྩེ། ཨ་ན་པུར་ན་དང་བ་རུན་རྩེ་བཅས་གངས་རི་བཞིའི་སྟེང་ནས་གད་སྙིགས་བཏུ་རྒྱུའི་ལས་མགོ་བརྩམས། གད་སྙིགས་སྤྱི་རྒྱ་༣༤༡༦༦་བཏུས་ཟིན་ཡོད་ཀྱང་གངས་རི་དེ་དག་གི་སྟེང་དུ་ད་དུང་ཡང་གད་སྙིགས་སྤྱི་རྒྱ་༣༥༠༠༠་ལྷག་ལུས་ཡོད་ཅིང་། གངས་རིའི་སྟེང་དུ་གཏོར་བའི་གད་སྙིགས་ཀྱི་གྲས་སུ་འཚོ་རླུང་གི་ལྕོགས་མདོང་དང་གུར། ཟས་སྣོད་ལྕགས་ཀྲིན་དང་འགྱིག་ཤོག་སྣ་ཚོགས། ཤེལ་དམ་དང་ཧ་ཡང་། གློག་ཆས་རྙིང་པ་སོགས་འདུས། ད་ལོའི་རི་གཙང་ལས་འགུལ་དེར་བལ་ཡུལ་གྱི་དམག་མི་དང་སྨན་པ། ཤར་པ་དང་ཉེན་སྐྱོབ་མི་སྣ་བཅས་ཁྱོན་བསྡོམས་མི་༩༧་ཞུགས། རི་གཙང་ལས་འགུལ་དེར་འགྲོ་གྲོན་གཏོང་མཁན་ནི་ཀོ་ཀ་ཀོ་ལ་(Coca-Cola)ཐེབས་རྩ་ཁང་གཙོས་སྒྲིག་འཛུགས་འགའ་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག

ལོ་ལྟར་འཛམ་གླིང་གི་རི་འཛེག་པ་དང་ཤར་པ་ལམ་ཤན་པ་ཚོ་ཇོ་མོ་གླང་མ་སོགས་ཀྱི་རྩེ་རུ་འཛེགས་ཏེ་གད་སྙིགས་ཕོན་ཆེན་ཤུལ་དུ་བསྐྱུར། བལ་ཡུལ་གྱི་དམག་དཔོན་སུན་དྷར་ཀུ་མར་པན་ཌེས་(Sundar Kumar Pandey)་གསར་འགོད་པར་གངས་རི་གཙང་སྦྲ་བྱས་ནས་ཧི་མ་ལ་ཡའི་རི་བོ་རྣམས་གཙང་མར་འཇོག་རྒྱུ་ནི་རླབས་ཆེན་གྱི་བྱ་བ་ཞིག་རེད། ན་ནིང་དང་བསྡུར་ན་ལོ་འདིར་གནམ་གཤིས་འཚུབ་པོ་བསྟན་ནས་ལས་འགུལ་བ་ཚོར་ནད་མནར་དང་དུས་ཐོག་ཏུ་ལས་འགན་གྲུབ་མ་སོང་། ང་ཚོའི་ལས་འགུལ་བ་ཁག་ཅིག་བདེ་འཇགས་ཀྱི་ས་གནས་ཁག་ཏུ་སྐྱོབ་ལེན་བྱ་དགོས་བྱུང་སྟེ་དམིགས་ཡུལ་འགྲུབ་རྒྱུའི་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱེད་ཀྱི་ཡོད་ཅེས་བཀྲལ། ལོ་འདིའི་རི་གཙང་ལས་འགུལ་གྱི་འབོད་ཚིག་ལ་ཧི་མ་ལ་ཡ་སྐྱོབ་པའི་རྩོལ་སྒྲུབ་ཅེས་མིང་བཏགས། དེ་ནི་ཇོ་མོ་གླང་མ་སོགས་གངས་རི་རྣམས་སྲུང་སྐྱོབ་དང་གངས་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་མི་ཀུན་ལ་ཡོད་པ་མཚོན་ཐབས་ཤིག་ཡིན་འདུག

ཕྱི་ཟླ་༤་པའི་ཚེས་༢༣་ཉིན་བལ་པོའི་དུས་བབ་ཚོགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༣་ལོ་འདིར་རྒྱལ་སྤྱིའི་རི་འཛེག་པ་ཆེས་མང་པོ་ཞིག་ཡོང་གི་ཡོད་པས་ཇོ་མོ་གླང་མའི་འདབས་ཀྱི་སྒར་ས་དེ་རྒྱལ་སྤྱིའི་གྲོང་ཚོ་ཞིག་ཏུ་གྱུར་ཀྱང་སྲིད་པའི་འཁྱག་རོམ་ཁག་གི་སྟེང་དུ་གད་སྙིགས་གཏོར་ནས་ཁོར་ཡུག་བརྫད། རི་འཛེག་པ་༥༠༠་ཡས་མས་ཤིག་ཇོ་མོ་གླང་མའི་རྩེ་དང་ལྷོ་རྩེ། ནུབ་རྩེ་བཅས་ལ་འཛེག་འཆར་ཡོད་པར་མ་ཟད། ཁུམ་བུའི་འཁྱག་རོམ་སྟེང་དུ་ཉལ་ས་དང་ཟ་ས། ངལ་གསོ་རྒྱག་ས་དང་བཤང་གཅི་གཏོང་ས་བཅས་གུར་གྱི་གྲོང་ཚོ་ཞིག་ཆགས། རི་འཛེག་པ་རྣམས་ཇོ་མོ་གླང་མའི་སྒར་སར་མ་བསླེབས་གོང་དུ་འཚོ་རླུང་ལྕགས་མདོང་དང་བཟའ་བཏུང་། ལྕགས་ཕུར་དང་ཐག་པ་སོགས་དགོས་ངེས་ཀྱི་མཁོ་ཆས་རྣམས་ཐད་འཕུར་གནམ་གྲུའི་ནང་དུ་སྔོན་ནས་སྐྱེལ་འདྲེན་བྱས་ནས་འཇོག་གི་ཡོད་མོད། ཕྱིར་ལམ་གད་སྒྲིག་དེ་རྣམས་གང་རིའི་སྟེང་དུ་བཞག་སྟེ་འཁྱེར་ཡོང་གི་མེད་པའི་གནས་ཚུལ་ཐོན་འདུག

༡༩༥༣་ལོར་འགྲོ་བ་མི་རྣམས་ཇོ་མོ་གླང་མའི་སྟེང་དུ་ཐོག་མར་འཛེགས་ནས་བཟུང་། འདས་པའི་ལོ་༧༠་ཐམ་པའི་རིང་མི་༡༥༠༠༠༠་ཙམ་ཇོ་མོ་གླང་མའི་སྟེང་དུ་འཛེགས། ཁོ་ཚོས་གངས་རིའི་སྟེང་དུ་གད་སྙིགས་ཊོན་༡༤༠་ཐམ་པ་གཏོར་ཡོད་པའི་ཚོད་དཔག་བྱས་འདུག ༢༠༡༣་ལོར་བལ་ཡུལ་གྱི་ཡུལ་གཞུང་གིས་ཡུལ་སྐོར་ཚོང་ལས་གཉེར་མཁན་དང་རི་འཛེག་པ་ཚོར་འཚོ་རླུང་གི་ལྕགས་མདོང་དང་ལྕགས་ཕུར། གུར་དང་འགྱིག་ཤོག བཤང་གཅི་སོགས་མར་འཁྱེར་ཡོང་དགོས། རི་འཛེག་པ་རེས་གད་སྙིགས་རྒྱ་མ་༡༦་རེ་འཁྱེར་མ་ཡོང་ཚེ། ཁོ་ཚོས་ཨ་སྒོར་༤༠༠༠་རེ་གཏའ་མར་བཞག་ཡོད་པ་ཕྱིར་སློག་བྱ་རྒྱུའི་མིན་པའི་ཐག་བཅད། ཡིན་ནའང་བལ་ཡུལ་གྱི་ཁྲིམས་རྣམས་ལག་ལེན་ཚུལ་བཞིན་བསྟར་གྱི་མེད་པས་རི་འཛེག་པ་དང་ཡུལ་སྐོར་ཚོང་ལས་གཉེར་མཁན་ཚོས་གཞུང་གི་ཁྲིམས་དེ་འདྲ་ཞིག་བཅས་ཡོད་པ་ཤེས་རྟོགས་བྱུང་མེད་པའི་གནས་ཚུལ་ཐོན།།

བལ་ཡུལ་གྱི་རི་གཙང་ལས་འགུལ་ཁང་གསར་འཛུགས་པ་ཨ་ནན་དཱ་མི་ཤ་རས་གསར་འགོད་པར་བཤད་པ་ལྟར་ན། བལ་ཡུལ་གྱི་མཛེས་ལྗོངས་དང་གངས་རིའི་གཟི་བརྗིད་རྣམས་གད་སྙིགས་ཀྱིས་ཉམས་དམས་སུ་གཏོང་གི་འདུག ང་ཚོས་གངས་རི་གཙང་སྦྲ་བྱས་པའི་ཞོར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་དགོས། ང་ཚོ་སྤྱི་དམངས་ཤིག་ཡིན་པའི་ཆ་ནས་ཡུལ་ལྗོངས་གཙང་སྦྲའི་ལས་འགུལ་ལ་ཞུགས་དགོས་པའི་ལས་འགན་ཡོད། ང་ལས་འགུལ་འདིར་མཉམ་ཞུགས་བྱས་ཐུབ་པར་དགའ་མོས་བྱུང་། རི་གཙང་ལས་འགུལ་བ་ཚོས་གད་སྙིགས་བཏུས་པའི་རྗེས་སུ་དོ་པོ་བརྒྱབ་སྟེ་བསྐྱར་བཟོ་ལས་སྣོན་པ་ཚོར་རྩིས་སྤྲོད་བྱེད་ཀྱི་ཡོད། ཁོ་ཚོས་གད་སྙིགས་དབྱེ་གསེས་བྱས་ནས་གད་སྙིགས་ཁག་ཅིག་གིས་བསྐྱར་དུ་དངོས་ཟོག་བཟོ་སྐྲུན་བྱེད་ཀྱི་འདུག ད་ལྟའི་བར་དུ་ཨ་ན་པུར་ན་དང་བ་རུན་རྩེ་ནས་བཏུས་པའི་གད་སྙིགས་རྣམས་བསྐྱར་བཟོ་ལས་སྣོན་པ་ཚོར་རྩིས་སྤྲོད་བྱེད་ཀྱི་ཡོད་ཅེས་སྨྲས།།

བལ་པོའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ལོ་བཞིའི་རིང་བལ་ཡུལ་གྱི་དམག་མི་བརྒྱ་ཆ་༡༠་བཏང་ནས་ཇོ་མོ་གླང་མའི་གངས་རི་གཙང་སྦྲ་དང་སྤྱི་གླིང་སྲུང་སྐྱོབ། བལ་ཡུལ་གྱི་དམག་ལ་སྲིད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག དེ་བཞིན་སྐྱེ་བོ་སྒེར་པ་སོགས་ཀྱིས་འགྲོ་གྲོན་རོགས་རམ་སྤྲད་ནས་གངས་རི་གཙང་སྦྲང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། བལ་ཡུལ་གྱི་དམག་མིས་ཇོ་མོ་གླང་མ་དང་ལྷོ་རྩེ། བུ་མོ་རི་དང་ཨ་མ་སྒྲ་བླ་མ། མ་ཀ་ལུ། མ་ན་ས་ལུ། གངས་ཅན་མཛོད་ལྔ་སོགས་ཀྱི་སྟེང་ནས་གད་སྙིགས་ཊོན་༧༦་བསྡུས། ལོ་འདིར་གད་སྙིགས་ཊོན་༣༥་བཏུ་རྒྱུའི་དམིགས་ཚད་བཟུང་། བལ་ཡུལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་པ་ར་བྷུ་རམ་ཤར་མས་(Prabhu Ram Shrma)་རི་གཙང་ལས་འགུལ་ལ་ས་གནས་ཡུལ་མི་རྣམས་ཞུགས་ཀྱི་འདུག འོན་ཀྱང་ལས་འགུལ་འདི་ཚོགས་སྡེ་བྱེ་བྲག་པ་གཅིག་མཉམ་ཞུགས་བྱེད་དུ་འཇུག་རྒྱུའི་ཆེད་དུ་མིན་པར་རྒྱལ་ཡོངས་ཀྱི་ལས་དོན་ཞིག་ལ་ངོས་ལེན་བྱེད་དུ་འཇུག་གི་ཡོད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

Prabhu Ram Shrma
Prabhu Ram Shrma

ཧི་མ་ལ་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་དང་ལ་ལི་ཏ་པུར། སྤོག་ར་དང་བྷ་ར་ཏ་པུར་བཅས་སུ་མང་ཚོགས་ལ་དྲྭ་ལམ་དུ་རི་གཙང་ལས་འགུལ་སྤེལ་ནས་གོ་རྟོགས་མཐོ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་སྟེ། ཕྱི་ཟླ་༦་པའི་ཚེས་༥་ཉིན་འཛམ་གླིང་གི་ཁོར་ཡུག་ཉིན་མོར་བསྟུན་ནས་གད་སྙོགས་ཊོན་༣༥་བཏུ་རྒྱུ། མ་འོངས་པའི་མི་རབས་རྗེས་མ་ཚོར་ཁོར་ཡུག་གཙང་མ་ཞིག་འཇོག་དགོས་ཞེས་དྲིལ་བསྒྲགས་སྤེལ། འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་སྟེང་དུ་གད་སྙིགས་ཁོ་ན་མ་ཡིན་པར་རི་འཛེག་པ་༣༠༠་ལྷག་ཤི་བའི་ཕུང་པོ་ཁག་ཅིག་ལེན་མ་ཐུབ་པར་གངས་ཁྲོད་དུ་ལུས། ད་ལྟ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ཚ་དྲོད་འཕེལ་ཏེ་གངས་རི་དང་འཁྱག་རོམ་རྣམས་ཞུ། འདས་པོའི་ལོ་མང་རིང་གངས་འོག་ཏུ་མནན་པའི་ཕུང་པོ་ཁག་ཅིག་ད་གཟོད་རྙེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG