༄༅།། བདུན་ཕྲག་སྔོན་མར་རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར། ལོ་རྗེས་མའི་ཕྱི་ཟླ་དང་པོ་ནས་འགོ་ཚུགས་ཏེ་༢༠༤༠་བར་དུ་རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་དེ་ལོ་༥་སྤར་རྒྱུའི་ཐག་བཅད། ཕྱི་ཟླ་༩་པའི་ཚེས་༡༧་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་བྱང་ཤར་ཁུལ་གྱི་ལེའོ་ནིང་དང་ཅི་ལིན། ཧེ་ལུང་ཅང་ཞིང་ཆེན་གསུམ་གྱི་བཟོ་ལས་དང་ཚོང་ལས་ཉམས། ཞིང་ཆེན་དེ་ཚོར་ལས་འཁྱུར་བ་དུང་ཕྱུར་༡་མ་ཟིན་ཙམ་ཞིག་ཡོད་པས་ས་གནས་སྲིད་གཞུང་ཁག་གིས་རྒས་ཕོགས་སྤྲོད་མི་ཐུབ་པར་གྱུར། རྒྱ་ནག་ལྷོ་ཕྱོགས་ཀྱི་འབྱོར་ལྡན་ཞིང་ཆེན་ཁག་གིས་ར་ཤི་ཡ་དང་སོག་ཡུལ། བྱང་ཀོ་རི་ཡ་གསུམ་ལ་ས་འདྲེས་ཡིན་པའི་ལེའོ་ནིང་དང་ཅི་ལིན། ཧེ་ལུང་ཅང་ཞིང་ཆེན་༣་ལ་དཔལ་འབྱོར་རོགས་རམ་སྤྲད་ནས་རྒས་ཕོགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་ནོར་སྲིད་ལྷན་ཁང་གི་ཡིག་ཆ་ཁག་ཏུ་འཁོད་པ་ལྟར་ན། སྔ་ལོ་རྒྱ་ནག་དབུས་གཞུང་ནས་བྱང་ཤར་ཁུལ་གྱི་ཞིང་ཆེན་༣་ལ་ཨ་སྒོར་དུང་ཕྱུར་༢༥༤་རོགས་སྐྱོར་སྤྲད་ནས་རྒས་ཕོགས་ཀྱི་དངུལ་སྒོར་འདང་གི་མེད་པར་ཁ་གསབ་བྱས་ཤིང་། དབུས་གཞུང་གིས་སྤྲད་པའི་རོགས་དངུལ་གྱི་གྲངས་འབོར་དེས་ཞིང་ཆེན་དེ་དག་གིས་སྲིད་གཞུང་ལ་མི་དམངས་ཤོག་སྒོར་ཐེར་འབུམ་༣༤༢.༩་དཔྱ་ཁྲལ་འཇལ་བའི་ཕྱེད་ལྷག་ཟིན། འདས་པའི་ལོ་དེར་རྒྱ་ནག་ལ་ཞིང་ཆེན་༢༣་ཡོད་པ་དེའི་ཕྱེད་ཀ་ཙམ་ལ་རྒས་ཕོགས་སྤྲད་པའི་ཤུལ་དུ་དངུལ་སྒོར་འཕྲོ་མ་ལྷག དངུལ་སྒོར་ལྷག་འཕྲོ་དེ་རྣམས་དབུས་གཞུང་ལ་འབུལ་དགོས་ཀྱང་ཀོང་ཏུང་དང་པེ་ཅིང་། ཅང་སུའུ་དང་ཨན་ཧུའི་བཞི་ཁོ་ནས་དབུས་གཞུང་ལ་མི་དམངས་ཤོག་སྒོར་དུང་ཕྱུར་༡༠༠་རེ་ཕུལ།།
ཀོང་ཏུང་ཞིང་ཆེན་ནི་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་ཡིན་པ་དང་ཞིང་ཆེན་དེར་མི་འབོར་དུང་ཕྱུར་༡་དང་བྱེ་བ་༢་ཡོད་པ་དེའི་མི་འབོར་བརྒྱ་ཆ་༡༥་ལོ་༦༠་ཡན་ཆད་དུ་སོན། ན་ནིང་ཀོང་ཏུང་ཞིང་ཆེན་གཞུང་གིས་དབུས་གཞུང་ལ་མི་དམངས་ཤོག་སྒོར་ཐེར་འབུམ་༡༡༥.༨་སྤྲད། ཉམས་ཞིབ་པ་ཚོས་ཀོང་ཏུང་ལྟ་བུའི་རྒྱ་ནག་གི་འབྱོར་ལྡན་ཞིང་ཆེན་ཁག་གིས་མུ་མཐུད་དུ་དབུལ་ཕོངས་ཞིང་ཆེན་ཁག་ལ་རོགས་སྐྱོར་སྤྲོད་ཐུབ་རྒྱུ་ཁག་པོ་རེད། ཞིས་ཅིན་ཕིང་གིས་རྒྱལ་ནང་དུ་དབུལ་ཕྱུག་སྙོམས་པ་དང་ཐུན་མོང་གི་ཕྱུག་གྱུར་ཟེར་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ཁུངས་འཁྱོལ་ཐུབ་རྒྱུ་ཐེ་ཚོམ་རེད། རྒྱ་ནག་གི་ས་གནས་མང་ཆེ་བར་རྒན་རྒོན་མང་དྲགས་ཏེ་རྒས་ཕོགས་ཀྱིས་འདང་གི་མེད་པས་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་འཕྲད་དུ་སྤར་དགོས་ཀྱི་འདུག་ཅེས་བསྐུལ།།
རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་ལས་རྩོལ་དང་དཔལ་འབྱོར་ཉམས་ཞིབ་པ་ཨེ་ཅིང་དབྱིས་(Ai Jingyi)་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་རིམ་བཞིན་ལོ་བཅོ་ལྔའི་ནང་ཚུད་དུ་ཆ་ཚང་སྤར་རྒྱུའི་འཆར་གཞི་དེ་འབྱོར་ལྡན་ཞིང་ཆེན་ཁག་གི་རྡོག་ཁྲེས་ཡང་དུ་གཏོང་རྒྱུའི་ཆེད་དུ་རེད་ཟེར། ༢༠༢༣་ལོར་རྒྱ་ནག་གི་མི་འབོར་བརྒྱ་ཆ་༢༡.༡་ལྷག་ལོ་༦༠་བརྒལ། ༢༠༣༥་ལོར་རྒྱ་ནག་གི་མི་འབོར་བརྒྱ་ཆ་༣༢.༧་ཡས་མས་ཤིག་ལོ་༦༠་ཟིནཡིན་ཞིང་། དེས་ན་རྒྱ་ནག་ལ་ངལ་རྩོལ་བརྒྱུགས་ནས་དཔྱ་ཁྲལ་འབུལ་མཁན་ཇེ་ཉུང་དང་རྒན་རྒོན་གསོ་དགོས་པ་ཇེ་མང་དུ་འགྲོ་རྒྱུའི་ཞིབ་འཇུག་སྙན་ཐོ་ཐོན། རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་ན་ལོ་བཅུའི་ནང་དུ་རྒས་ཕོགས་འདང་གི་མེད་པའི་དཀའ་ངལ་བརྒྱ་ཆ་༢༠་སེལ་ཐུབ། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གིས་༢༠༣༥་ཡས་མས་ནས་གཞུང་གིས་རྒས་ཕོགས་སྤྲོད་མི་ཐུབ་པར་འགྱུར་ས་རེད་ཅེས་ཉེན་བརྡ་བཏང་འདུག
ལོ་༣་གྱི་པྲོག་དབྱིབས་ནད་ཡམས་དུས་སུ་རྒྱ་ནག་གིས་སྒོ་རྒྱ་བསྡམས་ནས་དཔལ་འབྱོར་དང་ཚོང་ལས་ཉམས། ད་ལྟ་ནད་ཡམས་རྗེས་སུའང་རྒྱལ་ནང་གི་ཚོང་ལས་སྔ་སོར་མ་ཆུད། ལོ་འདིའི་དུས་ཚིགས་དང་པོར་རྒྱ་ནག་གཞུང་ལ་དཔྱ་ཁྲལ་ཡོང་འབབ་མི་དམངས་ཤོག་སྒོར་ཁྲག་ཁྲིག་ཆེན་མོ་༡༡.༥༩་ཉུང་དུ་སོང་། རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་པ་དང་ས་གནས་སྲིད་གཞུང་ཁག་བུ་ལོན་ནང་དུ་ཚུད། རྒྱ་ནག་གི་སྤྱི་ཚོགས་སུ་ན་གཞོན་ངལ་རྩོལ་བ་ཉུང་དྲགས་པ་དང་རྒས་ཕོགས་ལེན་མཁན་མང་དྲགས་ནས་ཁ་མ་ཐོན། བདུན་ཕྲག་སྔོན་མར་ནན་ཅིང་དང་ཧྲང་ཧེ་གཉིས་སུ་ཡོད་པའི་ཧྭ་ཐེ་ཞིབ་འཇུག་ཁང་གིས་༢༠༢༢་ལོར་རྒྱ་ནག་ལ་རྒས་ཕོགས་ཨ་སྒོར་ཐེར་འབུམ་༧༠༠་འདུག གལ་སྲིད་ལྷོ་ཕྱོགས་ཀྱི་འབྱོར་ལྡན་ཞིང་ཆེན་ཁག་གི་རོགས་སྐྱོར་མེད་པ་དང་རྒས་ཡོལ་གྱི་ལོ་ཚད་མ་སྤར་ན་ལོ་ཤས་ནང་དུ་རྒས་ཕོགས་ཀྱི་དངུལ་སྒོར་རྫོགས་ས་རེད་ཅེས་སྙན་ཐོ་བཏོན།།
པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱལ་ཡོངས་གོང་འཕེལ་སློབ་དཔོན་ཀྲའོ་ཡའོ་ཧུས་(Zho Yaohui)་རྒས་ཕོགས་ཀྱི་དངུལ་སྒོར་མ་འདང་ན་དབུས་གཞུང་གིས་བུ་ལོན་ལེན་དགོས་པ་རེད། བུ་ལོན་བླངས་ན་རྒྱལ་ཁབ་ཀྱི་ནོར་སྲིད་སྦོ་ལུག་རྒྱུ་ཉག་གཅིག་ཡིན་པ་སྟེ། ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་དང་གྷེ་རི་སི་སོགས་ཀྱིས་རྒས་ཕོགས་དང་སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས་སྤྲོད་མ་ཐུབ་པར་བུ་ལོན་བླངས་ནས་དཔལ་འབྱོར་ཉམས་ཉེས་ཆེན་པོ་བྱུང་བ་རེད། རྒྱ་ནག་གཞུང་གིས་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་མ་སྤར་བར་བསྡད་ཚེ། ཀོང་ཏུང་ལྟ་བུའི་འབྱོར་ལྡན་ཞིང་ཆེན་ཁག་གིས་ལོ་ལྟར་དབུས་གཞུང་ལ་དངུལ་སྒོར་འཐོལ་པ་སྤྲོད་དགོས་པར་ས་གནས་མི་དམངས་རྣམས་ཡི་མ་རངས། དཔལ་འབྱོར་རིག་པའི་ཆ་ནས་ཀྱང་འབྱོར་ལྡན་ས་གནས་ཁག་ནས་དངུལ་སྒོར་བླངས་ཏེ་དབུལ་ཕོངས་ཀྱི་ས་གནས་ཁག་གསོ་ཐབས་བྱ་རྒྱུ་དེ་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་མ་རེད་ཅེས་བསྟན།།
རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་ན་རྒས་ཕོགས་སྤྲོད་མི་ཐུབ་པའི་དཀའ་ངལ་ཅུང་ཙམ་སེལ་སླ། འོན་ཀྱང་ལོ་ལྟར་རྒྱ་ནག་གི་སློབ་ཆེན་ཁག་ནས་ན་གཞོན་ས་ཡ་མང་པོ་ཐོན་གྱི་ཡོད་པ་དེ་དག་ལ་ལས་ཀའི་ས་མིག་བཀོད་སྒྲིག་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ། ཧྲང་ཧེ་རྒྱལ་སྤྱིའི་ཤེས་ཡོན་ཞིབ་འཇུག་ཁང་གིས་སློབ་ཆེན་ཐོན་པའི་ན་གཞོན་ཚོར་སྐད་ཆ་དྲིས། སློབ་ཕྲུག་མང་ཆེ་བས་གཞུང་གཉེར་ཁེ་ལས་ཁག་ཏུ་སྲི་ཞུ་སྒྲུབ་འདོད་ཅེས་ལན་བཏབ། ད་ལོ་གཅིག་པུར་རྒྱ་ནག་གི་སློབ་ཆེན་ཁག་ནས་ན་གཞོན་ས་ཡ་༡༡.༧༩་སློབ་སྦྱོང་ཐོན་པ་ཚོར་ལས་ཀའི་ས་མིག་མེད། རྒྱ་ནག་གི་སློབ་ཕྲུག་ས་ཡ་མང་པོ་ཕ་མར་བརྟེན་ནས་འཚོ་གནས་བྱེད་པའམ། ཡང་ན་གྲོང་གསེབ་ཁག་ཏུ་ཞིང་ལས་གཉེར་དུ་བསྐྱོད། ན་གཞོན་ཇི་སྙེད་ཅིག་འཚོ་བར་ཡི་ཐང་ཆད་ནས་ལེབ་ཉལ་གྱི་ལས་འགུལ་ལ་ཞུགས། ན་གཞོན་ཁག་ཅིག་རྒྱ་ལམ་ཟུར་དང་སྲང་ཤུར་ནང་དུ་ཉལ་ཏེ་མི་ཚེ་ལ་གཏད་སོ་མེད་པར་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གཞུང་གིས་རྒས་ཡོལ་གྱི་ལོ་ཚད་ཟེར་གྱི་ཡོད་པ་དེ་གཞུང་གི་ལས་བྱེད་པ་དང་གཞུང་གཉེར་བཟོ་ཚོང་ལས་ཁུངས་ཁག་གི་ལས་མི། བཟོ་གྲྭ་ཁག་གི་བཟོ་པ། དེ་བཞིན་གྲོང་ཁྱེར་གྱི་ཐེམ་ཐོ་ཡོད་པ་ཚོར་གོ་དགོས་ཤིང་། རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ཞིང་པ་དུང་ཕྱུར་མང་པོ་ཡོད་པ་དེ་དག་ལ་རྒས་ཕོགས་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་གི་འཚོ་དོད་སྤྲོད་ཐུབ་ཀྱི་མེད་ཅིང་། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་གི་སྤྱི་དམངས་ཡོད་དོ་ཅོག་ལ་རྒས་ཕོགས་དང་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད་ཀྱང་རྒྱ་ནག་གིས་དམར་ཤོག་ཚོགས་པའི་ཚོགས་མི་དང་གཞུང་གི་ལས་བྱེད་པ་ཚོར་མ་གཏོགས་རྒས་ཕོགས་དང་སྤྱི་ཚོགས་འགན་སྲུང་གི་རོགས་དངུལ་ཆ་ཚང་ཞིག་སྤྲོད་ཀྱི་མེད་པར་ཟད། རྒྱ་ནག་གི་ཞིང་འབྲོག་མང་ཚོགས་ལ་རྒས་ཡོལ་དང་རྒས་ཕོགས་ལེན་ཆོག་པའི་ཐོབ་ཐང་མེད་པའི་གནས་ཚུལ་ཐོན་འདུག