ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཁྲེན་ཝེན་ཆིང་གིས་བོད་ས་ཁག་ཏུ་དམ་དྲག་ཆེ་རུ་གཏོང་དགོས་པའི་བཀའ་ཕབ།


རྒྱ་ནག་གི་སྲིད་ཁྲིམས་ལྷན་ཁང་གི་ཚོགས་གཙོ་ཁྲེན་ཝེན་ཆིང་
རྒྱ་ནག་གི་སྲིད་ཁྲིམས་ལྷན་ཁང་གི་ཚོགས་གཙོ་ཁྲེན་ཝེན་ཆིང་

༄༅།། རྒྱ་ནག་གི་སྲིད་ཁྲིམས་ལྷན་ཁང་གི་ཚོགས་གཙོ་ཁྲེན་ཝེན་ཆིང་གིས་ཟླ་༡༠་པའི་ཚེས་༡་གི་རྒྱལ་སྟོན་དུས་ཆེན་སྔོན་འདིར་བོད་ས་ཁག་ཏུ་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་སྟེ་ཁ་བྲལ་ལ་དྲག་གནོན་བྱ་དགོས་ཞེས་བཀའ་ཕབ། ཕྱི་ཟླ་༩་པའི་ཚེས་༡༦་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་འཁོར་སྔོན་མར་རྒྱ་ནག་གི་དབུས་སྲིད་ཁྲིམས་ལྷན་ཁང་གི་ཚོགས་གཙོ་ཁྲེན་ཝེན་ཆིང་བོད་རང་སྐྱོང་ལྗོངས་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་ནས་བདེ་འཇགས་མི་སྣ་ཚོས་ཁ་བྲལ་དང་གཏོར་བརླག་གི་ལས་འགུལ་ཁག་ལ་སེམས་ཐག་རྦད་བཅད་ཀྱིས་དྲག་གནོན་བྱ་དགོས། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྲུང་སྐྱོབ་བྱས་པའི་ཞོར་དུ་ཆོས་ལུགས་ཀྱི་ལས་དོན་ཁག་ལ་མཐའ་གཅིག་ཏུ་སྟངས་འཛིན་བྱ་དགོས། བརྟན་ལྷིང་སྲུང་སྐྱོབ་དང་ཉེན་ཁ་སྔོན་འགོག་ཆེད་དུ་ཁྲིམས་འགལ་ལ་རྡུང་རྡེག་དྲག་པོ་ཐོངས་ཞེས་ནན་བརྗོད་བྱས་འདུག

ཁ་སྔོན་ཕྱི་ཟླ་༧་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས། ཕྱི་ཟླ་༡༠་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་པའི་དུས་ཆེན་སླེབས་ཀྱི་ཡོད་པའི་སྔོན་འདིར་ཁྲེན་ཝེན་ཆིང་ཉིན་༤་ལ་ལྷ་ས་དང་ཆབ་མདོ། དཀར་མཛེས་བཅས་སུ་རྟོག་ཞིབ་ཏུ་ལྷགས། པེ་ཅིང་གི་དབང་འཛིན་པ་ཚོས་དམར་ཤོག་སྲིད་གཞུང་དེ་ཚུགས་ནས་ལོ་༧༥་འཁོར་བའི་དུས་ཆེན་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པས་བོད་ས་ཁག་གི་བདེ་འཇགས་སྲུང་སྐྱོབ་དམ་དུ་གཏོང་རྒྱུ་གནད་འགག་ཅིག་ཏུ་གྱུར། ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཕེབས་ཏེ་སྲིད་འཛིན་བྷ་ཌན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་མཇལ་འཕྲད་བྱུང་། དེ་ནས་ཟླ་བ་གཅིག་མ་འགོར་བར་ཁྲེན་ཝེན་ཆིང་བོད་ས་ཁག་ཏུ་རྟོག་ཞིབ་ཏུ་བསླེབས། ཁྲེན་ཝེན་ཆིང་གིས་ལྷ་ས་དང་ཆབ་མདོའི་བདེ་འཇགས་ཚན་པ་ཁག་ལ་རྟོག་ཞིབ་དང་ས་ཁུལ་དེ་དག་གི་བདེ་འཇགས་ཚན་པ་ཁག་གི་ལས་དོན་སྒྲུབ་ཕྱོགས་ལ་རྒྱུས་ལོན་བྱས་འདུག

རྒྱ་ནག་གི་གསར་འགྱུར་ལས་ཁུངས་ཁག་གིས་དཀར་མཛེས་ཁུལ་དུ་ཁྲེན་ཝེན་ཆིང་གིས་ཁ་བྲལ་ལ་འཐབ་རྒོལ་གྱི་ཚོགས་འདུ་ཞིག་ལ་གཙོ་སྐྱོང་བྱས་པ་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་ཕྱོགས་སུ་ལམ་སྟོན། སྤྱི་བདེ་མི་སྣ་ཚོས་དྲིལ་བསྒྲགས་དང་སློབ་གསོའི་བྱ་བ་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ཚང་མར་མི་རིགས་གཅིག་གྱུར་གྱི་འདུ་ཤེས་སྐྱེ་རུ་འཇུག་དགོས་ཟེར། དཀར་མཛེས་ཁུལ་དུ་མི་འབོར་ས་ཡ་༡་དང་འབུམ་༡་ཡོད་པ་དེའི་ཡུལ་མི་བརྒྱ་ཆ་༨༠་ཐམ་པ་བོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་སུ་ཡུན་ནན་དང་སི་ཁྲོན། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་ཁོངས་སུའང་བོད་རིགས་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་སོགས་ཡོད་པ་རེད་ཅེས་གསར་འགྱུར་སྤེལ། ཁྲེན་ཝེན་ཆིང་གིས་བོད་ལ་དམ་དྲག་བྱེད་པའི་སྐབས་སུ་བོད་རང་སྐྱོང་ལྗོངས་གཅིག་པུ་མིན་པར་བོད་ས་རྒྱ་ཆེན་ཞིག་ལ་ཁྱབ་ཏུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གི་གཙོ་འཛིན་ཀྲང་ཅུན་
རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གི་གཙོ་འཛིན་ཀྲང་ཅུན་

བདུན་ཕྲག་སྔོན་མར་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གི་གཙོ་འཛིན་ཀྲང་ཅུན་(Zhang Jun)་བོད་ལ་རྟོག་ཞིབ་ཏུ་འབྱོར་ནས་དྲག་སྤྱོད་ཀྱི་འཇིགས་སྐུལ་རིང་ལུགས་དང་མི་རིགས་ཁ་བྲལ། ཚབས་ཆེའི་ཉེས་དོན་ཁག་ལ་ཁྲིམས་གཅོད་དྲག་པོ་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པར་མ་ཟད། ཟླ་བ་འདིའི་འགོ་སྟོད་དུ་རྒྱ་ནག་གི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དབྱིང་ཡུང་(Ying Yong)་ཡང་བོད་ལ་བསླེབས་ནས་བོད་ཀྱི་སྤྱི་དམངས་ཞིབ་དཔྱོད་ལས་ཁུངས་ཁག་ལ་རྟོག་ཞིབ་བྱས་འདུག དབྱིང་ཡུང་གིས་ཁ་བྲལ་སིམ་འཛུལ་དང་གཏོར་བརླག་གི་ལས་འགུལ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་འགུལ་གྱི་རིགས་མཐའ་དག་ལ་ཁྲིམས་ལུགས་ལྟར་དྲག་གནོན་བྱ་དགོས་ཞེས་བསྐུལ། ལོ་ལྟར་གསུམ་བཅུའི་དུས་དྲན་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སོགས་ཀྱི་སྔོན་འདིར་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དབྱིང་ཡུང་
རྒྱ་ནག་གི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དབྱིང་ཡུང་

རྒྱ་ནག་གཞུང་གིས་བོད་ནང་ཁུལ་དུ་དམ་དྲག་དང་དྲག་གནོན། ཕྱི་ལོགས་སུ་བོད་ཡར་རྒྱས་ཕྱིན་ཡོད་པ་དང་བོད་པ་ཚོས་བདེ་སྐྱིད་ཀྱི་འཚོ་བར་རོལ་གྱི་ཡོད། བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་ཤེས་ཡོན་སློབ་སྦྱོང་ཡར་རྒྱས། བོད་པ་ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་མཐུན་རྐྱེན་ཡག་ཏུ་ཕྱིན་ཡོད་ཅེས་སྒྲོགས་ཀྱི་ཡོད་ཅིང་། ཕྱི་ཟླ་༩་པའི་ཚེས་༡༢་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་ཚབས་ཆེན་ཐེབས་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་འགོག་ཐབས་སུ་ཕྱི་ཟླ་༩་པའི་ཚེས་༢་ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་སྤྱིའི་ཆ་འཕྲིན་འབྲེལ་ལམ་ལྟེ་གནས་ཁང་གསར་པ་ཞིག་སྒོ་ཕྱེ། བོད་མི་དམངས་ཀྱི་དཔལ་འབྱོར་ཡོང་འབབ་དང་འཚོ་བའི་གནས་ཚད་ཡར་རྒྱས་ཕྱིན་ཡོད་ཅེས་དྲིལ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་འགོ་ཚུགས། དེ་བཞིན་ཕྱི་རྒྱལ་བ་སྒེར་པ་བརྙན་འགོད་པ་ཤུགས་རྐྱེན་ཅན་ཚོ་ཞིན་ཅང་དུ་ཁྲིད། ཁོ་ཚོར་ཡུ་གུར་བ་རྣམས་སྐྱིད་པོ་ཡིན་པའི་བརྙན་ཐུང་ཕབ་ལེན་བྱེད་དུ་བཅུག་པ་རྣམས་འཛམ་གླིང་ཡོངས་སུ་ཁྱབ།།

རྒྱ་གཞུང་གི་རྒྱལ་སྤྱིའི་ཆ་འཕྲིན་འབྲེལ་ལམ་ཚོགས་པའི་ལས་བྱེད་པ་སྟེ། ཧྥ་རན་སིའི་རྩོམ་པ་པོ་མར་གྷོ་ཤ་ཝིར་(Margot Chevestrier)་གྱིས་བཤད་པ་ལྟར་ན། རྒྱ་ནག་གི་ན་གཞོན་ཇི་སྙེད་ཅིག་གོ་ལའི་ཁྱོན་དུ་ཁྱབ་པའི་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་གྱི་ལོག་བཤད་དང་ཕྱོགས་ལྷུང་གི་གསར་འགྱུར་གྱི་ཤུགས་རྐྱེན་འོག་ཏུ་ཚུད་དེ་གོ་ལོག་ཐེབས། ལྷ་སར་གསར་དུ་བཙུགས་པའི་རྒྱལ་སྤྱིའི་ཆ་འཕྲིན་འབྲེལ་ལམ་ལྟེ་གནས་ཁང་གི་ལས་འགན་གཙོ་བོ་ནི་རྒྱ་ནག་གི་བཤད་ཕྱོགས་དེ་ཕྱི་ལ་ཁྱབ་སྤེལ་གཏང་རྒྱུའི་ཆེད་དུ་རེད་ཅེས་བཀྲལ། རྒྱ་ནག་གི་དྲྭ་ལམ་གསར་འགྱུར་ལས་ཁུངས་ཁང་གི་དྲྭ་ཚིགས་སུ་རྒྱལ་སྤྱིའི་ཆ་འཕྲིན་འབྲེལ་ལམ་ལྟེ་ཁང་གསར་པ་དེས་བོད་ཕྱི་ནང་གཉིས་སུ་མི་དམངས་ལ་བོད་ཅེས་པ་དེ་གང་འདྲ་ཞིག་ཡིན་མིན་ཤེས་རྟོགས་དང་རྒྱུས་ལོན། བོད་ལ་བརྩེ་དུང་སྐྱེ་རུ་འཇུག་ཐབས་བྱེད་ཀྱི་ཡོད་ཅེས་བསྒྲགས།།

རང་དབང་ཁང་གི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ཟུར་པ་སེ་རཱ་ཀུག་
རང་དབང་ཁང་གི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ཟུར་པ་སེ་རཱ་ཀུག་

རང་དབང་ཁང་གི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ཟུར་པ་སེ་རཱ་ཀུག་(Sarah Cook)་གིས་བཤད་པ་ལྟར་ན། ལྷ་སར་བཙུགས་པའི་རྒྱལ་སྤྱིའི་ཆ་འཕྲིན་འབྲེལ་ལམ་ལྟེ་གནས་ཁང་དེ་རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་ཕྱི་ལ་དྲིལ་བསྒྲགས་བྱ་རྒྱུ་གཅིག་གྱུར་དང་ཤུགས་སྣོན་རྒྱག་ཐབས་ཤིག་ཡིན་སྲིད། རྒྱ་ནག་གཞུང་ལ་ཞན་ཅང་གི་གནས་སྟངས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་ལྟར་བོད་ཀྱི་གནས་སྟངས་དྲིལ་བསྒྲགས་ཆེན་པོ་ཞིག་བྱེད་ཐུབ་ཀྱི་མེད་པའི་ལྟ་ཚུལ་ཞིག་བྱུང་ཡོད་པའི་རྣམ་པ་ཞིག་མངོན། བོད་དང་ཞིན་ཅང་ནི་རྒྱ་ནག་ལ་གལ་གནད་ཆེ་བའི་ས་གནས་གཉིས་རེད། རྒྱ་ནག་གིས་བོད་དང་ཞིན་ཅང་གཉིས་སུ་ཕྱི་རྒྱལ་བ་དང་གསར་འགོད་པ་བཀག་སྟེ་འཁྱོག་བཤད་བྱས་ནས་གནས་ཚུལ་རྫུན་མ་བཀྲམ། བོད་དང་ཞིན་ཅང་དུ་འབྱུང་བཞིན་པའི་གནས་ཚུལ་ངོ་མ་རྣམས་ཕྱི་ལ་ཁྱབ་ཏུ་མ་བཅུག་པར་འགོག་གི་འདུག་ཅེས་བསྟན།།

དབུས་བོད་མིའི་སྒྲིག་འཛུགས་དང་བོད་པ་བཙན་བྱོལ་བ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་ནང་གི་བོད་པ་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་རྒྱ་མི་རིགས་ལྟར་ཐོབ་ཐང་འདྲ་མཉམ་མེད་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་གི་འདུག ཐ་ན་དབྱིན་སྐད་དུ་བོད་ལ་ཊི་བྷེ་ཊི་(Tibet)་ཞེས་ཡོངས་གྲགས་སུ་གྱུར་ཡོད་པ་བཙན་སྒྱུར་གྱིས་རྒྱ་སྐད་དུ་བོད་ལ་ཞི་ཙང་ཟེར་གྱི་ཡོད་པ་གཞུང་འབྲེལ་ཡིག་ཆ་ཁག་ཏུ་བཀོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཅེས་འཁོད་པའི་མིང་ཚིག་རྣམས་ཞི་ཙང་ལ་བསྒྱུར་དུ་བཅུག་སྟེ་བོད་ཅེས་པའི་མིང་ཡང་གོ་ཐོས་མེད་པར་གཏོང་རྒྱུའི་ཐབས་སུ་འབད། རྒྱ་ནག་ལ་ཚོང་འབྲེལ་བཙུགས་ཡོད་པའི་ཕྱི་རྒྱལ་གྱི་འགྲེམ་སྟོན་ཁང་དང་དཔེ་མཛོད་ཁང་ཁག་གིས་བོད་ཅེས་འཁོད་ཡོད་པ་རྣམས་ཞི་ཙང་ཞེས་བསྒྱུར་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG