༄༅།། ཡུ་རོབ་ཀྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ཏུ་མ་རྩ་འཛུགས་རྒྱུར་ཐེ་ཚོམ་བཟུང་སྟེ་རྒྱལ་ཁབ་གཞན་གྱི་ཁྲོམ་རའི་ནང་དུ་མ་རྩ་འཛུགས་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༩་པའི་ཚེས་༡༡་ཉིན་བྷུ་ལུམ་བྷག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་བཞིན་པའི་ཡུ་རོབ་མཉམ་འབྲེལ་ཚོང་ལས་མཐུན་ཚོགས་ཀྱིས་འཛམ་གླིང་གི་ས་གནས་གང་སར་ཞི་བདེ་བརྟན་ལྷིང་མེད་པར་ཟིང་འཁྲུག་ལངས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་པེ་ཅིང་གི་དབང་འཛིན་པ་ཚོས་དཔལ་འབྱོར་འགྱུར་བཅོས་མ་བཏང་། ཡུ་རོབ་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་མེད་པ་བཅས་ཀྱིས་རྒྱ་ནག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་ཐབས་མཁས་ཤིག་མ་རེད། རྒྱ་ནག་མ་ཡིན་པའི་རྒྱལ་ཁབ་གཞན་གྱི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་དགོས་ཞེས་སྙན་ཐོ་བཏོན།།
ལོ་འདིའི་དུས་ཚིགས་གཉིས་པར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ནས་ཨ་སྒོར་དུང་ཕྱུར་མང་པོ་ཕྱིར་འཐེན་བྱས་ནས་རྒྱལ་ཁབ་གཞན་གྱི་ཁྲོམ་རའི་ནང་དུ་མ་རྩ་བཙུགས། ད་ལྟ་མ་རྩ་ཉུང་ཉུང་ཞིག་རྒྱ་ནག་ནས་ཕྱིར་འཐེན་བྱས་ཀྱང་རྒྱ་ནག་གི་དཔལ་འབྱོར་སླར་གསོ་དང་ཚོང་ལས་གོང་འཕེལ། རྒྱ་ནག་མི་མང་ལ་ལས་ཀ་བཀོད་སྒྲིག་སོགས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཤས་ཆེ། ཡུ་རོབ་མཉམ་འབྲེལ་ཚོང་ལས་མཐུན་ཚོགས་ཀྱི་གཙོ་འཛིན་ཡན་སི་ཨེ་སི་ཁུ་ལོང་(Jens Eskelund)་གིས་བཟོ་ཚོང་ལས་ཁུངས་ཁག་དང་མ་སྐལ་བདག་པོ་ཚོས་རྒྱ་ནག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ན་ཁེ་སང་ལས་གྱོང་ཆེ་བ་ངོས་ཟིན། གལ་སྲིད་རྒྱ་ནག་གཞུང་གིས་ལེགས་བཅོས་ཡག་པོ་ཞིག་མ་བཏང་ན་ཚོང་ལས་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཁག་པོ་རེད། རྒྱ་ནག་གིས་ལེགས་བཅོས་གཏོང་རྒྱུ་ཡིན་ཞེས་བརྡ་ཞིག་བཏང་ནས་ལོ་གཅིག་འདས། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་ངོ་མར་ཚོང་ལས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་མིན་གསལ་པོ་མི་འདུག་ཅེས་རྩོམ་ཡིག་སྤེལ།།
ཡུ་རོབ་ཀྱི་བཟོ་ཚོང་ལས་ཁུངས་ཁག་ལ་རྒྱ་ནག་ཏུ་ཚོང་ལས་གཉེར་ན་ཁེ་སང་མེད་པའི་རྒྱུ་མཚན་ནི་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་ཐུབ་ཀྱི་མེད་པ་དང་ཚོང་ལས་ཉམས་ཆག ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་འགྱུར་བཅོས་གཏོང་གི་མེད་པ་དང་ཕྱི་རྒྱལ་ནས་མ་རྩ་འཛུགས་མཁན་གསར་པ་མ་བསླེབས། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གིས་ཚོང་དམག་རྒྱག་རྒྱུ་འགོ་ཚུགས། རྒྱ་ནག་ནས་ཐོན་པའི་གློག་གི་རླངས་འཁོར་ལ་ཡུ་རོབ་མཉམ་འབྲེལ་གྱིས་སྒོ་ཁྲལ་སྤར། རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་ཐོན་སྐྱེད་ལ་སྒོ་ཁྲལ་སྤར། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་ཀྱིས་གྲོས་མོལ་བྱས་ནས་ཚོང་ལས་ཀྱི་འགོག་རྐྱེན་སེལ་མ་ཐུབ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་གཏོང་གི་མེད་པ་དང་བདེ་འཇགས། ཚོང་ལས་སོགས་ལ་དགོས་ངེས་ཀྱི་ལེགས་བཅོས་མ་བཏང་ན་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་ཐོན་དཀའ་ཞེས་བསྟན།།
རྒྱ་ནག་ནི་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་དངོས་ཟོག་ནང་འདྲེན་བྱེད་མཁན་གཙོ་བོ་དེ་ཡིན་ཞིང་། དེ་བཞིན་ཡུ་རོབ་མཉམ་འབྲེལ་རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱ་ཡུལ་ཨང་གསུམ་པར་གྱུར། དེང་སྐབས་རྒྱ་ནག་གི་ས་ཐོག་ཏུ་ཡུ་རོབ་མཉམ་འབྲེལ་གྱི་བཟོ་ཚོང་ལས་ཁུངས་༡༧༠༠་ལྷག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་མོད། འོན་ཀྱང་ཡུ་རོབ་མཉམ་འབྲེལ་གྱི་བཟོ་ཚོང་ལས་ཁུངས་གསུམ་ཆའི་གཉིས་ཀྱིས་རྒྱ་ནག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་ཁེ་སང་དང་འཛམ་གླིང་རྒྱལ་ཁབ་གཞན་ཁག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་པ་གཉིས་གཅིག་པ་ཡིན་པའམ། ཡང་ན་རྒྱ་ནག་ཏུ་ཁེ་སང་ཆུང་བ་ཡིན་པས་ཡུ་རོབ་མཉམ་འབྲེལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ཏུ་ཚོང་ལས་གཉེར་ན་ཁེ་སང་མི་འདུག་ཅེས་གླེང་སློང་བྱེད་མཁན་ཇེ་མང་དུ་སོང་།།
ཕྱི་ཟླ་༩་པའི་ཚེས་༡༡་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུ་རོབ་མཉམ་འབྲེལ་ཚོང་ལས་མཐུན་ཚོགས་ཀྱིས་རྒྱ་ནག་གི་གཞི་གྲངས་དང་དྲྭ་ལམ་སྲུང་སྐྱོབ། གསང་ཉུལ་བཀག་སྡོམ་གྱི་ཁྲིམས་རྣམས་ཁ་གསལ་མི་འདུག རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་གསང་ཉུལ་དང་རྒྱལ་ཁབ་ཀྱི་གསང་བ་བརྐུས་འཁྱེར། རྒྱ་ནག་གི་བདེ་འཇགས་ལ་གནོད་པའི་ལས་དོན་བསྒྲུབས་སོང་ཞེས་ནག་ཉེས་བཙུགས་ནས་ཚོང་ལས་སྒོ་རྒྱག་སྲིད་པར་མ་ཟད། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་ལས་བྱེད་པ་ཚོར་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་འཛིན་བཟུང་བཙོན་འཇུག་བྱ་རྒྱུའི་ཉེན་ཁ་འདུག དེ་ལས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝི་ཏེ་ནམ་དང་ཐེ་ལན་ཌི། རྒྱ་གར་སོགས་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ན་འགྲན་སྡུར་ཆེ་ཡང་ཉེན་ཁ་ཆུང་། རྒྱ་ནག་གི་གཞུང་གཉེར་ཁེ་ལས་ཁག་ཕྱི་ལ་སྒོ་མོ་འབྱེད་ཀྱི་མེད་པ་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་འགོག་རྐྱེན་སྣ་མང་ཞིག་སློང་གི་འདུག་ཅེས་འཁང་ར་བཤད།།
ཡུ་རོབ་མཉམ་འབྲེལ་ཚོང་ལས་མཐུན་ཚོགས་ཀྱིས་སྐད་ཆ་འདྲི་ཡུལ་བཟོ་ཚོང་ལས་ཁུངས་བརྒྱ་ཆ་༧༠་ལྷག་གིས་རྒྱ་ནག་ཏུ་དངོས་ཟོག་བཟོ་སྐྲུན་བྱས་པ་རྣམས་བཙོངས་མ་ཐུབ་པར་རིན་གོང་གཅོག་དགོས་ཀྱི་འདུག་ཟེར། བཟོ་ཚོང་ལས་ཁུངས་བརྒྱ་ཆ་༤༤་ཡིས་མ་འོངས་པའི་ལོ་གཉིས་ཀྱི་རིང་ཁེ་སང་ཐོབ་རྒྱུ་ཁག་པོ་རེད་ཅེས་ལན་བཏབ། འདི་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་རྒྱ་ནག་ལ་ལོ་ལྟར་ཕྱི་རྒྱལ་ནས་མ་རྩ་འཛུགས་མཁན་ཉུང་དུ་འགྲོ་བཞིན་འདུག ཡུ་རོབ་མཉམ་འབྲེལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་དང་རྒྱལ་ཁབ་གཞན་ཏུ་ཚོང་ལས་གཉེར་གྱི་ཡོད་པ་གཉིས་མཉམ་བསྲེས་མ་བྱས་པར་ལོགས་སུ་བཀར། རྒྱ་ནག་གི་ཆ་རྐྱེན་དང་ཁྲིམས། འགོག་རྐྱེན་ཁག་ལ་བསྟུན་དགོས་པས་རྒྱ་ནག་ཏུ་ཚོང་ལས་གཉེར་རྒྱུ་རྦད་དེ་མཚམས་འཇོག་བྱེད་ཀྱི་མེད་ཀྱང་མ་རྩ་འཛུགས་རྒྱུ་མང་དུ་གཏོང་གི་མེད་པའི་གསར་འགྱུར་ཐོན་འདུག
ཕྱི་ཟླ་༩་པའི་ཚེས་༡༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཏུ་ཚོང་ལས་གཉེར་གྱི་ཡོད་པའི་ཡུ་རོབ་མཉམ་འབྲེལ་ཚོང་ལས་མཐུན་ཚོགས་ཀྱིས་བསམ་འཆར་དོན་ཚན་༡༠༠༠་ལྷག་བཏོན་ཡོད་པ་དེའི་ནང་དུ་ཡུ་རོབ་མཉམ་འབྲེལ་གྱི་སྲིད་གཞུང་ཁག་གི་སྲིད་ཇུས་ལ་གཞིགས་ནས་རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་ཉེས་ཆད་གཅོད་མི་ཆོག རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་ཁྲོམ་ར་སྒོ་འབྱེད་དང་ཚོང་ལས་ཀྱི་གོ་སྐབས་སྤྲོད་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་དགོས། རྒྱ་ནག་གཞུང་གིས་ཐག་གཅོད་དང་སྲིད་ཇུས་གཏན་འབེབས་ཟིན་པ་རྣམས་གློ་བུར་དུ་བསྒྱུར་མི་རུང་། ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་གྲོས་མོལ་བྱས་ནས་ཚོང་ལས་ཀྱི་འགལ་ཟླ་སེལ་རྒྱུར་ཤུགས་སྣོག་རྒྱག་དགོས། མི་མཐུན་པ་དང་འགལ་ཟླ་འབྱུང་སྲིད་ཀྱང་དེ་ལ་གནས་ལུགས་དང་མཐུན་པའི་གྲོས་མོལ་བྱས་ནས་ཐག་གཅོད་བྱ་དགོས་ཞེས་འབོད་སྐུལ་ཞུས།།
ཡུ་རོབ་མཉམ་འབྲེལ་ཚོང་ལས་མཐུན་ཚོགས་ཀྱི་གཙོ་འཛིན་ཨེ་སི་ལོང་གིས་སྙན་ཐོ་འགྲེམ་སྤེལ་གྱི་མཛད་སྒོའི་ཐོག་ཏུ་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་ཏུ་ཚོང་ལས་གཉེར་ན་ཁེ་སང་ཐོབ་རྒྱུ་ཧ་ཅང་ཁག་པོ་རེད། ༢༠༢༢་ལོར་ཡུ་རོབ་མཉམ་འབྲེལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ཏུ་ཨ་སྒོར་དུང་ཕྱུར་༧༠་དང་བྱེ་བ་༦་མ་རྩ་བཙུགས་ཀྱང་ཁེ་སང་གསུང་ཆའི་གཉིས་ཉུང་དུ་ཕྱིན་འདུག ༢༠༢༤་ལོའི་དུས་ཚིགས་དང་པོར་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ཏུ་མ་རྩ་འཛུགས་རྒྱུ་བརྒྱ་ཆ་༢༩་ཉུང་དུ་ཕྱིན་འདུག རྒྱལ་ཁབ་གཞན་གྱི་ས་ཐོག་ཏུ་ཚོང་ལས་གཉེར་ན་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་ཁྲིམས་ཐོག་ཏུ་སྲུང་སྐྱོབ་ཡོད་པ་དང་སྲིད་ཇུས་བརྟན་པོ། ཁེ་སང་ཅི་ཙམ་འཐོབ་རྒྱུ་ཡིན་མིན་སྔོན་དཔག་ཐུབ་པ། དེས་ན་ཡུ་རོབ་ཀྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་གི་ས་ཐོག་ཏུ་མུ་མཐུད་ནས་ཚོང་ལས་གཉེར་དགོས་དོན་མི་འདུག ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཟེར་ནས་དྲང་སྙོམས་མིན་པའི་ཚོང་ལས་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་གྱོང་འཕོག་ཏུ་འཇུག་གི་འདུག་ཅེས་གསལ་བཀྲོལ་བྱས་འདུག
གླེང་སྟེགས།