རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་ལྐོག་ཟའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་ཚུགས།

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅུན་

༄༅།། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅུན་(Dong Jun)་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༧་ཉིན་དངུལ་རྩའི་ཚགས་པར་(Finical Times)་གྱིས་ཨ་རིའི་གཞུང་འབྲེལ་མི་སྣ་ལས་ཐོག་དང་ལས་སྣེ་ཟུར་པ་ཁག་ཅིག་གི་སྐད་ཆ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། རྒྱལ་སྲུང་བློན་ཆེན་ཏུང་ཅུན་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་ནི་མི་དམངས་བཅིངས་འགྲོལ་དམག་གི་མཐོ་རིམ་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་པའི་གནས་ཚུལ་མང་པོ་འབྱུང་གི་ཡོད་པ་གསར་ཤོས་དེ་ཡིན་ཞིང་། ༢༠༢༣་ལོའི་ཕྱི་ཟླ་༡༢་པའི་ནང་དམག་སྤྱི་ཏུང་ཅུན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དུ་བསྐོས། རྒྱལ་སྲུང་བློན་ཆེན་སྔོན་མ་ལི་ཧྲང་ཧྥུ་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཕོག་ནས་གོ་གནས་ཕབ། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་དམག་དཔོན་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་དེ་རྒྱལ་སྲུང་བློན་ཆེན་རེ་ཟུང་ཞིག་ག་ལ་ཡིན། མི་དམངས་བཅིངས་འགྲོལ་དམག་གི་མགོ་མཇུག་བར་གསུམ་ལ་ལྐོག་ཟའི་ནད་ཚ་དེ་ཁྱབ་འདུག་ཅེས་བསྟན།།

ཏུང་ཅུན་ནི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་དོན་ཐོག་ཏུ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་པོ་དེ་མིན་པ་སྟེ། ཁོ་པའི་སྔོན་དུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་(Li Shangfu)་དང་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥེང་ཧེ་(Wei Fenghe)་གཉིས་ལའང་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཉེས་ཁྲིམས་བཅད། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཏུང་ཅུན་དང་ལི་ཧྲང་ཧྥུ་གཉིས་ཀ་ཞིས་ཅིན་ཕིང་གིས་བསྐོས་པའི་མི་རེད། ལི་ཧྲང་ཧྥུ་རྒྱལ་སྲུང་བློན་ཆེན་གྱི་ལས་གནས་སུ་ཡོད་པའི་སྐབས་དེར་ཞིབ་འཇུག་བྱས་པ་དང་ཝེ་ཧྥེ་ཧེ་རྒས་ཡོལ་དུ་ཕྱིན་པའི་རྗེས་སུ་ཞིབ་འཇུག་བྱས་པ་རེད། ཞིས་ཅིན་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་གི་ལྐོག་ཟ་རུལ་སུངས་ལ་ཞིབ་འཇུག་བྱ་རྒྱུ་རྒྱ་བསྐྱེད་ནས་རྒྱལ་སྲུང་བློན་ཆེན་ཏུང་ཅིན་རྙི་ནང་དུ་ཚུགས་པར་སྣང་། ཁོ་པར་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཅི་ཞིག་ཕོག་ཡོད་མེད་དེ་གསལ་པོ་མི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

གཟའ་ལྷག་པའི་ཉིན་གསར་འགོད་པ་ཚོས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་(Mao Ning)་ལ་རྒྱལ་སྲུང་བློན་ཆེན་ཏུང་ཅིན་གནས་དབྱུང་བཏང་བ་རེད་དམ། ཁོ་པར་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད་དམ་ཞེས་དྲིས། མའོ་ཉིང་གིས་ཁྱེད་ཚོའི་སྐད་ཆ་དེ་རླུང་ལ་ཞགས་པ་འཐེན་པ་དང་མུན་ནག་སྦར་འཛིན་བྱས་པ་ལྟར་ཁུངས་ལུང་མེད་པའི་དཀྲོག་གཏམ་རེད་ཅེས་ལན་བཏབ། རྒྱ་ནག་གཞུང་གིས་ལི་ཧྲང་ཧྥུ་ལ་ཞིབ་འཇུག་བྱས་པའང་སྐབས་ཤིག་གི་རིང་ཕྱི་རུ་མ་བསྒྲགས། ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་འཕུར་མདེལ་དཔུང་སྡེ་དང་རྡུལ་ཕྲན་མཚོན་ཆའི་དཔུང་སྡེའི་འགོ་ཁྲིད་གཉིས་ཀྱང་ལས་གནས་ནས་ཕྱུང་། ད་ལོ་རྒྱ་ནག་གཞུང་གིས་ཏུང་ཅུན་དབུས་དམག་དོན་གཙོ་འཛིན་གཞོན་པར་མ་བསྐོས་པ་དེ་ཁྱད་མཚར་ཞིག་ཏུ་གྱུར་པར་མ་ཟད། མི་ཚོས་ཏུང་ཅུན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གྱི་ལས་གནས་ནས་དུས་ཡུན་ཅི་ཙམ་གནས་ཐུབ་རྒྱུ་ཡིན་མིན་ལ་ཚོད་དཔག་དང་གླེང་སློང་སྣ་ཚོགས་ཤིག་བྱུང་།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་རྒྱ་ནག་ཉམས་ཞིབ་པ་ཟུར་པ་ཁེ་རེ་སི་ཊོ་ཧྥར་ཇཱོན་སན་(Christopher Johnson)་གྱིས་ཏུང་ཅིན་ལ་ཞིབ་འཇུག་བྱེད་ཀྱི་འདུག་ཟེར་བ་དེ་བདེན་ན་ཞིས་ཅིན་ཕིང་གིས་རྒྱལ་སྲུང་བློན་ཆེན་བསྐོ་བཞག་བྱེད་སྟངས་དེ་འགྲིག་གི་མི་འདུག ༢༠༡༨་ལོར་ཞིས་ཅིན་ཕིང་གིས་དམག་གི་ལམ་སྲོལ་དང་འགལ་ནས་ཝེ་ཧྲེང་ཧེ་རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་འགོ་ཁྲིད་ནས་དམག་སྤྱི་ཞིག་ཏུ་མ་བསྒྱུར་བར་རྒྱལ་སྲུང་བློན་ཆེན་ལ་བསྐོས་ཏེ་ཡག་པོ་མ་འཁྱོངས། ཞིས་ཅིན་ཕིང་གི་གཤམ་འོག་དམག་དོན་མི་སྣ་ཚོས་ཟླ་བ་༤་ལ་ཞིབ་འཇུག་བྱས་ནས་མཚོ་དམག་བཀོད་འདོམས་པ་ཏུང་ཅུན་རྒྱལ་སྲུང་བློན་ཆེན་ལ་འཚམས་པོ་འདུག་ཅེས་འོས་སྦྱོར་བྱུང་། དེ་ནས་ཞིས་ཅིན་ཕིང་གིས་ཏུང་ཅུན་རྒྱལ་སྲུང་བློན་ཆེན་ལ་བསྐོས་པ་རེད། ད་ལྟ་ཞིས་ཅིན་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་གི་ཁོངས་སུ་ལྐོག་ཟ་རུལ་སུངས་སུ་གྱུར་མེད་པའི་མི་ཞིག་ཡོད་དམ་ཞེས་དོགས་པ་བྱ་དགོས་པའི་མཚམས་སུ་བསླེབས་འདུག་ཅེས་བཀྲལ།།

ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཉམས་ཞིབ་པ་ཚོས་༢༠༢༧་ལོར་ཞིས་ཅིན་ཕིང་གི་ལས་དུས་གསུམ་པ་དེ་ཚང་གི་ཡོད་ཅིང་། ཁོ་པས་མུ་མཐུད་དུ་སྲིད་དབང་འཛིན་དགོས་ན་ཐེ་ཝན་ལ་དམག་བརྒྱབ་སྟེ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་དང་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་བྱ་དགོས། རྒྱ་ནག་གི་དམག་དཔུང་དེང་རབས་ཅན་དུ་བསྒྱུར་ནས་ཨ་རི་ལྟ་བུའི་འཛམ་གླིང་གི་དམག་དཔུང་རིམ་པ་དང་པོའི་གྲས་སུ་ཚུད་དུ་བཅུག་སྟེ་ཡར་རྒྱས་བཏང་བའི་གྲུབ་འབྲས་སྟོན་དགོས། ཞིས་ཅིན་ཕིང་ལ་བྱས་རྗེས་སྟོན་རྒྱུ་མེད་པར་སྲིད་དབང་རྒྱུན་འཛིན་བྱེད་ཐུབ་མིན་བཤད་དཀའ། རྒྱ་ནག་གི་དམག་དཔུང་ལྐོག་ཟ་རུལ་སུངས་སུ་གྱུར་ན་ཐེ་ཝན་ལ་དམག་རྒྱག་ཐུབ་རྒྱུ་ཡིན་མིན་དང་རྒྱ་ནག་གི་མཚོན་ཆ་དེ་རྣམས་ཚད་ལྡན་ཡིན་མིན། རྒྱ་ནག་གི་དམག་དཔུང་ལ་དུས་ཀྱི་འཕོ་འགྱུར་དང་མཐུན་པའི་དམག་སྦྱོང་ཐོབ་ཡོད་མེད། མདོར་ན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་རང་སྲོག་འབེན་དུ་བཙུགས་ནས་འཐབ་འཁྲུག་རྒྱག་ཐུབ་པའི་དཔུང་སྡེ་ཞིག་ཡིན་མིན་དོགས་གནས་སུ་ཟད་ཅེས་གླེང་།།

ཕྱི་ཟླ་༡༡་པའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་(Reuters)་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་འཇོར་ཇཱི་ཊོང་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཉམས་ཞིབ་པ་ཟུར་པ་ཌེ་ནི་སི་ཝེལ་ཌར་(Dennis Wilder)་གྱིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལྐོག་ཟ་རུལ་སུངས་སུ་གྱུར་འདུག་ཟེར་ན་ང་ཧང་སང་གི་མི་འདུག དྲང་པོར་བཤད་ན་ལྐོག་ཟ་རུལ་སུངས་ཀྱི་སྐུད་ཉག་གཅིག་རྙེད་ན་སྐུད་སྣེ་མང་པོ་རྙེད་ཀྱི་རེད། ནམ་ཞིག་བལ་སླན་གྱི་སྟོད་གོས་ཧྲིལ་པོའི་སྐུད་པ་རྣམས་ཕན་ཚུན་སྐྱ་འཐབ་ཡོད་པ་ཆ་ཚང་རྙེད་ཀྱི་རེད་ཟེར། རྒྱ་ནག་གཞུང་གིས་རྒྱལ་སྲུང་བློན་ཆེན་ཟུར་པ་ལི་ཧྲང་ཧྥུ་དང་ཝེ་ཧེང་ཧོ་གཉིས་ཀྱིས་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་འགལ་འཛོལ་ཆེན་པོ་བྱས་འདུག ཁོ་ཚོ་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པ་ཡིན་ཞེས་བསྒྲགས། དེ་ནི་ལྐོག་ཟ་ཚབས་ཆེན་བྱས་འདུག་ཟེར་བའི་སྐད་ཆར་གོ་དགོས་པའི་གནས་ཚུལ་ཐོན་འདུག

སིངྒ་པུར་གྱི་ནན་དབྱང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་གཞོན་པ་ཌི་ལན་ལཱོས་(Dylan Loh)་ཧྥ་རན་སི་གསར་ཁང་གི་གསར་འགོད་པར་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་སུ་གྱུར་མེད་པའི་མི་ཞིག་འཚོལ་གྱི་ཡོད་ཀྱང་རྙེད་ཁག་པོ་རེད། རྒྱ་ནག་གི་དམག་དཔུང་དང་ཚོང་པ་ཚོར་འབྲེལ་བ་དམ་ཟབ་ཡོད་པའི་ལོ་རྒྱུས་རིང་པོ་འདུག ཏུང་ཅུན་ལ་ཞིབ་འཇུག་བྱེད་ཀྱི་འདུག་ཟེར་བ་དེ་དངོས་འབྲེལ་ཡིན་ན་མང་ཚོགས་ལ་མི་དམངས་བཅིངས་འགྲོལ་དམག་རུལ་སུངས་སུ་གྱུར་ཏེ་འཐབ་འཁྲུག་རྒྱག་ཐུབ་པའི་ནུས་པ་དང་གྲ་སྒྲིག་ཡོད་དམ་ཞེས་དོགས་པ་ཡོང་གི་རེད། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་སོགས་མཐོ་རིམ་དམག་དཔོན་ཁག་གི་གོ་གནས་དེར་ཧབ་ཐོབ་ཆེན་པོ་ཡོད་པས་ཕན་ཚུན་ལྐོག་མ་རྫོང་རེས་དང་སྐྱོན་འཛུགས་བྱེད་རེས། ཕན་ཚུན་ནག་ཉེས་ཐེར་འདོན་བྱས་ནས་མི་ཁག་ཅིག་ལ་ཞིབ་འཇུག་བྱས་ནས་བཙོན་དུ་བཅུག མི་ཁག་ཅིག་གོ་གནས་འཕར་ཏེ་ལམ་འགྲོ་རྒྱུག་གི་ཡོད་པ་རེད་ཅེས་བཤད་འདུག

ཉེ་ཆར་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅུན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལའོ་སི་ལ་ཚོགས་པའི་ཨེ་ཤི་ཡའི་རྒྱལ་སྲུང་བློན་ཆེན་རིམ་པའི་ཚོགས་འདུ་ཞུགས། ཨ་རིའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཊོན་(Lloyd Austin)་གྱིས་སྐབས་དེར་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་འབྲེལ་བ་བྱས་ཀྱང་ཏུང་ཅུན་གྱིས་ཨ་རིའི་རྒྱལ་སྲུང་བློན་ཆེན་ལ་ཐུག་འཕྲད་བྱེད་ཀྱི་མིན། ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོངས་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་བསླངས་སོང་། ཨ་རིས་ཐེ་ཝན་ལ་མཚོན་ཆ་བཙོངས་པའི་གྲས་སུ་ཡར་ཐོན་གྱི་འཕུར་མདེལ་འདུག་ཅེས་སྐྱོན་བཙུགས། ད་ལོའི་ཕྱི་ཟླ་༥་ནང་སིངྒ་པུར་གྱི་ཤཱང་རི་ལ་མགྲོན་ཁང་དུ་ཚོགས་པའི་རྒྱལ་སྲུང་གྲོས་མོལ་སྐབས་སུ་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅུན་གཉིས་ཐུག་འཕྲད་གྲོས་མོལ་ཐོག་མ་དེ་བྱུང་། དེ་ནི་༢༠༢༢་ལོའི་ཕྱི་ཟླ་༡༡་ནས་ཨ་རི་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་རིམ་པའི་འབྲེལ་བ་ཆད་པ་སླར་གསོ་བྱུང་བའི་གནས་ཚུལ་ཐོན་འདུག