ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༢/༢༧

ཊམ་གྱིས་སྒོ་ཁྲལ་སྤར་ན་རྒྱ་གཞུང་ནས་དངུལ་སྒོར་འཛའ་ཐང་གཅོག་སྲིད།


དངུལ་ཁང་གི་ལས་བྱེད་ཅིག་གིས་ཧུའུ་པི་ཞིང་ཆེན་གྱི་དངུལ་ཁང་ཞིག་ནས་ཨ་རིའི་ཨ་སྒོར་བརྒྱ་ལོར་རྣམས་རྒྱ་སྒོར་ཁྲི་རེའི་ཐོག་ནས་རྩིས་རྒྱག་བཞིན་འདུག
དངུལ་ཁང་གི་ལས་བྱེད་ཅིག་གིས་ཧུའུ་པི་ཞིང་ཆེན་གྱི་དངུལ་ཁང་ཞིག་ནས་ཨ་རིའི་ཨ་སྒོར་བརྒྱ་ལོར་རྣམས་རྒྱ་སྒོར་ཁྲི་རེའི་ཐོག་ནས་རྩིས་རྒྱག་བཞིན་འདུག

༄༅།། ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། རྒྱ་གཞུང་ནས་མི་དམངས་ཤོག་སྒོར་འཛའ་ཐང་བཅག་སྟེ་ཨ་མི་རི་ཀར་ལན་པ་སློག་རྒྱུའི་རྟགས་མཚན་མངོན། ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་མི་དམངས་ཤོག་སྒོར་འཛའ་ཐང་བཅག་ན་ཨ་སྒོར་གྱི་ཉོ་སྟོབས་ཆེ་རུ་སོང་། རྒྱ་ནག་གི་དངོས་ཟོག་རིན་གོང་ཆུང་དུ་ཕྱིན་ཏེ་ཅ་ལག་མང་ཙམ་ཕྱིར་ཚོང་བྱེད་ཐུབ་པའི་ཁེ་ཕན་ཡོད་ཅིང་། ༢༠༡༨་དང་༢༠༡༩་ལོར་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཐེངས་དང་པོ་སྤར་བའི་སྐབས་སུ་རྒྱ་ནག་གིས་མི་དམངས་ཤོག་སྒོར་འཛའ་ཐང་བཅག་ནས་ལན་པ་བསློགས། ཌོ་ནལ་ཊམ་གྱི་ལས་དུས་གཉིས་པའི་སྐབས་སུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་རྒྱ་ནག་གིས་མི་དམངས་ཤོག་སྒོར་འཛའ་ཐག་བཅག་སྟེ་སྒོ་ཁྲལ་གྱི་གྱོང་གུད་ཆ་ཚང་གསབ་མི་ཐུབ་ཀྱང་གྱོང་གུད་བརྒྱ་ཆ་༡༠་ཙམ་གསབ་ཐབས་བྱ་རྒྱུའི་ཚོད་དཔག་བྱས་འདུག

རྒྱ་ནག་གི་དངུལ་སྒོར་འཛའ་ཐག་བཅག་ན་གནོད་སྐྱོན་འགའ་ཞིག་འབྱུང་། དཔེར་ན་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་མི་ཐུབ་པར་བཟོ་ཚོང་ལས་ཁུངས་ཁག་དང་མི་མང་སྒེར་པ་ཚོས་དངུལ་སྒོར་ཕྱི་ལ་བཏང་སྟེ་རྒྱལ་ནང་དུ་ཚོང་ལས་མི་གཉེར། ཨ་སྒོར་འཛའ་ཐང་ཆེན་པོ་དང་མི་དམངས་ཤོག་སྒོར་འཛའ་ཐང་ཆག་ན་རྒྱ་ནག་མི་དམངས་རྣམས་གདེང་སྤོབས་ཞུམ། ཁོ་ཚོས་དངུལ་སྒོར་འགྲོ་གྲོན་གཏོང་མི་ཕོད་པར་མ་རྐང་ཁྲོམ་རའི་རིན་ཐང་ཆག ༢༠༡༥་ལོར་རྒྱ་ནག་གི་དབུས་དངུལ་ཁང་ངམ། མི་དམངས་དངུལ་ཁང་གིས་ཁྲོམ་རའི་འཛའ་ཐང་ལ་མ་བསྟུན་པར་དངུལ་སྒོར་འཛའ་ཐང་བཅག་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་ཕོག ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཨ་རྒྱའི་ཚོང་ལས་ནི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད། ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་འཆར་ཡོད་པར་ངོ་རྒོལ་ཡོད་ཅེས་གསལ་བསྒྲགས་སྤེལ།།

རྒྱ་ནག་གི་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་འགོ་པ་ཝང་ཧྲུ་ཝེན་
རྒྱ་ནག་གི་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་འགོ་པ་ཝང་ཧྲུ་ཝེན་

ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་ཨ་རིའི་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མེཀ་སི་ཀོ་སོགས་ལ་བཟོ་གྲྭ་བཙུགས། རྒྱ་ནག་ཏུ་བཟོས་པའི་དངོས་ཟོག་རྣམས་ལྷུ་ལག་ཕྲལ་ནས་མེཀ་སི་ཀོར་དྲངས། མེཀ་སི་ཀོ་ནས་དངོས་ཟོག་དེ་རྣམས་ལྷུ་ལག་བསྒྲིགས་ཏེ་ཨ་རིར་བཙོངས། ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་རྗེས་སུ་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གི་དངུལ་སྒོར་ཕྱི་རྒྱལ་ལ་བཅོལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཚུགས་པའི་རྒྱ་ནག་གི་བཟོ་གྲྭ་ཁག་གིས་ཨ་མི་རི་ཀར་དངོས་ཟོག་ཕྱིར་ཚོང་བྱེད་ཐུབ་པའི་ཐབས་ལམ་ཞིག་རྙེད། རྒྱ་ནག་གི་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་འགོ་པ་ཝང་ཧྲུ་ཝེན་(Wang Shouwen)་གྱིས་ཕྱི་རྒྱལ་དུ་བཟོ་གྲྭ་བཙུགས་པའི་བཟོ་ཚོང་ལས་ཁུངས་ཁག་ལ་རྒྱབ་སྐྱོར་དང་མ་རྩ་རོགས་རམ། འགན་སྲུང་གི་མཐུན་རྐྱེན་མཁོ་སྦྱོར་བྱ་རྒྱུ་ཡིན་ཞེས་བསྒྲགས།།

དེང་སྐབས་ཨ་སྒོར་གཅིག་ལ་རྒྱ་ནག་གི་མི་དམངས་ཤོག་སྒོར་༧.༢༥་ཡིན་པར་མ་ཟད། ཌོ་ནལ་ཊམ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྗེས་སུ་ཁེ་ན་ཌའི་དངུལ་སྒོར་དང་མེཀ་སི་ཀོའི་དངུལ་སྒོར་གྱི་འཛའ་ཐང་ཆག ཨ་སྒོར་གྱི་འཛའ་ཐང་འཕར་ན་ཨ་རིའི་དངོས་ཟོག་གི་རིན་གོང་ཆེ་དྲགས་ནས་ཕྱིར་ཚོང་བྱེད་མི་ཐུབ། གྷ་ཝེ་ཁལ་དཔལ་འབྱོར་ཞིབ་འཇུག་ཁང་གསར་འཛུགས་པ་ཨོ་ཐར་ཀ་རོ་བྷེར་(Authur Kroeber)་གྱིས་བཤད་པ་ལྟར་ན། ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་མི་དམངས་ཤོག་སྒོར་གྱི་འཛའ་ཐང་བརྒྱ་ཆ་༩་ནས་༡༠་ཡས་མས་ཤིག་ཆག་སྟེ་ཨ་སྒོར་གཅིག་ལ་རྒྱ་སྒོར་༨་སྤྲོད་དགོས་པ་དང་༢༠༠༦་གི་ཚད་དེར་ལྷུང་སྲིད་ཟེར། ཉམས་ཞིབ་པ་འགའ་ཤས་ཀྱིས་པེ་ཅིང་གི་དབང་འཛིན་པ་ཚོས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་རྦད་དེ་ཆག་ཏུ་འཇུག་གི་མ་རེད། ཨ་སྒོར་གཅིག་ལ་རྒྱ་སྒོར་༧.༣་ནས་༧.༥་ཡས་མས་ཤིག་བྱས་ནས་འཇོག་ངེས་རེད་ཅེས་བསྟན།།

ཞིས་ཅིན་ཕིང་གིས་རྒྱ་ནག་ནོར་སྲིད་ཀྱི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་དགོས་ན་མི་དམངས་ཤོག་སྒོར་གྱི་འཛའ་ཐང་སྤར་དགོས་ཞེས་ནན་གྱིས་བརྗོད། དེར་བརྟེན་ཞིས་ཅིན་ཕིང་གི་གཏམ་བཤད་དེ་དཔེ་དེབ་ནང་དུ་བཀོད་དེ་མི་དམངས་ཤོག་སྒོར་འཛའ་ཐང་སྤར་རྒྱུ་རྒྱ་ནག་གི་ལྟ་གྲུབ་ཀྱི་ལམ་སྟོན་རྩ་འཛིན་དུ་གྱུར། ༢༠༡༩་ལོར་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཨ་རིའི་གཞུང་གིས་བསམ་བཞིན་ཨ་སྒོར་གྱི་འཛའ་ཐང་བཅག་སྟེ་རྒྱ་ནག་གིས་མི་དམངས་ཤོག་སྒོར་འཛའ་ཐང་བཅག་པར་ལན་པ་སློག་དགོས་ཞེས་གྲོས་གཞི་བཏོན། ཡིན་ནའང་ཌོ་ནལ་ཊམ་ཨ་སྒོར་གྱི་འཛའ་ཐང་གཅོག་རྒྱུར་མ་འཐད། རྒྱ་ནག་གིས་མི་དམངས་ཤོག་སྒར་འཛའ་ཐང་བཅག་ན་དགེ་སྐྱོན་གཉིས་ཀ་འབྱུང་། རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱེད་ཐུབ་པའི་ཁེ་ཕན་ཡོད་ཀྱང་ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་སྤར་སྲིད་པའི་ཉེན་ཁ་ཆེ།།

ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཟེར་གྱི་ཡོད་པ་གཅིག་པུ་མིན། ཁོ་པས་མེཀ་སི་ཀོ་དང་ཁེ་ན་ཌའི་དངོས་ཟོག་ལའང་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་རྒྱུ་ཡིན། དེའི་རྒྱུ་མཚན་ནི་མེཀ་སི་ཀོ་དང་ཁེ་ན་ཌ་ནས་ཨ་མི་རི་ཀར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་བསླེབས་ཏེ་ཉལ་ཐ་ནག་ཚོང་བརྒྱབ། རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་འཕར་མ་འགེལ་རྒྱུ་ཡིན་ཞེས་བསྒྲགས། ཨ་རི་ནི་འཛམ་གླིང་ཡོངས་སུ་དངོས་ཟོག་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དེ་ཡིན། གལ་སྲིད་རྒྱ་ནག་དང་མེཀ་སི་ཀོ ཁེ་ན་ཌ་སོགས་ཀྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་ཞིང་ལས་ཐོན་སྐྱེད་ནས་རླངས་འཁོར་དང་རྡོ་སྣུམ་སོགས་རིན་གོང་འཕར། ཨ་མི་རི་ཀའི་མི་དམངས་དཀྱུས་མ་ཚོར་ཡུལ་ཐང་འཕར་ནས་འཚོ་བའི་དཀའ་ངལ་འཕྲད་རྒྱུ་ལྡོག་ཏུ་མེད།།

ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་
ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་

ཌོ་ནལ་ཊམ་གྱིས་རང་གི་བདེན་པའི་དྲྭ་ཚིགས་སུ་ང་ཚོའི་རྒྱལ་ཁབ་འདིར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པས་བཙན་འཛུལ་བྱས་ནས་ཉལ་ཐ་ནག་ཚོང་རྒྱག་གི་ཡོད་པ་མཚམས་མ་ཆད་ཚེ། མེཀ་སི་ཀོ་དང་ཁེ་ན་ཌའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་ཕྱིར་འཐེན་བྱ་རྒྱུ་མིན། མེཀ་སི་ཀོ་དང་ཁེ་ན་ཌ་ནས་མི་སྟོང་ཕྲག་མང་ཁྲིམས་འགལ་ཐོག་ཏུ་ཨ་རིར་ཡོང་སྟེ་ཉལ་ཐ་བཙོངས། མེཀ་སི་ཀོ་དང་ཁེ་ན་ཌ་གཉིས་ལ་དཀའ་ངལ་འདི་སེལ་ཐུབ་པའི་སྟོབས་ཤུགས་ཡོད། ཁོ་ཚོས་ཨ་རིའི་དགོས་འདུན་ཁག་མ་བསྒྲུབས་ན་སྒོ་ཁྲལ་མེད་པར་གཏོང་རྒྱུ་མིན་ཞེས་འཕྲིན་ཐུང་ཞིག་སྤེལ། ཁེ་ན་ཌའི་གཞུང་འབྲེལ་མི་སྣ་ཞིག་གིས་བདེན་པའི་དྲྭ་ཚིགས་སུ་ཐོན་པའི་འཕྲིན་ཐུང་དེ་མཐོང་བའི་རྗེས་སུ་སྲིད་བློན་ཊུ་རུ་ཌོ་དང་ཌོ་ནལ་ཊམ་གཉིས་ཀྱིས་ས་མཚམས་དང་ཚོང་ལས་སོགས་ལ་གྲོས་མོལ་ལྷུག་པོ་བྱས་པ་རེད། གྲོས་མོལ་གྱི་ནང་དོན་ཞིབ་ཕྲ་ཕྱིར་བསྒྲགས་བྱ་རྒྱུ་སྟབས་བདེ་མ་རེད་ཅེས་བཀྲལ།།

ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་རྒྱུ་ཡིན། ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་ཕྱིར་ཕུད་བྱེད་ཀྱི་ཡིན། ཨ་རིའི་ཁེ་ཕན་ཨང་དང་པོར་འཛིན་རྒྱུ་ཡིན། ཡུཀ་རེན་གྱི་དམག་འཁྲུག་དང་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་མཇུག་བསྒྲིལ་དུ་འཇུག་རྒྱུ་ཡིན། ཨ་རིའི་རྒྱལ་ནང་གི་ཡུལ་ཐང་འཕར་ཡོད་པ་གཅོག་ཐབས་བྱ་རྒྱུ་ཡིན། དབུས་དངུལ་ཁང་ལ་སྐྱེད་ཀ་སྤར་དུ་འཇུག་རྒྱུ་ཡིན། ལོ་རྗེས་མའི་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་སྟོང་ཕྲག་མང་པོ་རང་ཡུལ་དུ་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ནས་འོས་ཤོག་ཐོབ། མེཀ་སི་ཀོའི་ས་མཚམས་ནས་ཉི་མ་རེར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་སྟོང་ཕྲག་མང་པོ་འབྱོར་ནས་སྐྱབས་བཅོལ་ཞུས། ཕྱི་མི་གཞིས་ཆགས་པ་ཉུང་ཤས་ཀྱིས་མི་གསོད་ཁྲག་སྦྱོར་དང་འཕྲོག་བཅོམ། བུད་མེད་ལ་བཙན་གཡེམ་བྱས་ནས་ཨ་རིའི་སྤྱི་ཚོགས་སུ་སྡང་ཟུག་བྱེད་མཁན་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG