འབྲུག་པ་ན་གཞོན་ཚོར་རང་ཡུལ་དུ་ལས་ཀ་མ་རག་པར་ཕྱི་ལ་ལྡེབ་བསྐྱོད། 

༄༅།། འབྲུག་པའི་ན་གཞོན་ཚོར་རང་ཡུལ་དུ་ལས་ཀ་མ་རག་པ་དང་ལས་ཀའི་གོ་སྐབས་མེད་པ། དཔལ་འབྱོར་གྱི་དཀའ་ངལ་ཕྲད་པ་སོགས་ཀྱིས་ན་གཞོན་ཚོ་ཨོ་གླིང་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྡེབ་སྐྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཏོག་དབྱིབས་ནད་ཡམས་རྗེས་སུ་ཨོ་གླིང་གིས་རྒྱལ་སྤྱིའི་སློབ་ཕྲུག་ཚོར་སྒོ་མོ་ཕྱེ་སྟེ་འབྲུག་པའི་ན་གཞོན་ཚོ་ཨོ་གླིང་དུ་སྡེབ་སྐྱོད་བྱ་རྒྱུ་འགོ་ཚུགས། ན་ནིང་ཕྱི་ཟླ་༤་པ་ནས་ལོ་འདིའི་ཕྱི་ཟླ་༥་པའི་བར་དུ་འབྲུག་པའི་ན་གཞོན་༡༢༠༠༠་ཨོ་གླིང་དུ་འབྱོར། ཨོ་གླིང་དུ་འབྱོར་བའི་འབྲུག་པའི་ན་གཞོན་དེ་ཚོས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཆུང་ཆུང་དེའི་ན་གཞོན་ལས་མེད་པའི་མི་འབོར་བརྒྱ་ཆ་༡.༥་ཟིན།།

འབྲུག་ཡུལ་གྱི་ན་གཞོན་ལས་མེད་པའི་མི་འབོར་གྲངས་གནས་གཉིས་སུ་འཕར། ཨོ་གླིང་དུ་འབྱོར་བའི་འབྲུག་པ་མང་ཆེ་བ་རྒྱལ་ཁབ་དེའི་ནུབ་ཕྱོགས་སུ་གཞིས་ཆགས་ཏེ་བྱིས་པ་ལྟ་སྐྱོང་དང་མགྲོན་སྐྱོང་། རྩིས་ཞིབ་བཅས་ཀྱི་ཆེད་ལས་རྣམས་གཉེར། ལོ་ན་༢༥་ལ་སོན་པའི་བཀྲ་ཤིས་སྐྱིད་ཆུ་ཞེས་པ་ནི་ཨོ་གླིང་དུ་འབྲུག་པའི་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་གི་ལམ་སྟོན་པ་ཞིག་ཡིན་པ་སྟེ། ཁོ་པས་ང་ནི་མི་ཚེའི་མདུན་ལམ་ཡག་པོ་ཞིག་གི་ཆེད་དུ་སྔ་ལོ་ཨོ་གླིང་དུ་ཡོང་བ་ཡིན། ཏོག་དབྱིབས་ནད་ཡམས་རྗེས་སུ་འབྲུག་ཡུལ་དུ་མདུན་ལམ་དང་གོ་སྐབས་སོགས་ཅི་ཡང་མེད་པར་གྱུར་སོང་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག བཀྲ་ཤིས་སྐྱིད་ཆུས་ཨོ་གླིང་ནུབ་ཕྱོགས་སློབ་གྲྭ་ཆེན་མོར་ཁྲོམ་རའི་ཚོང་འགྲེམ་གྱི་ཆེད་ལས་སྦྱངས།།

༢༠༡༧་བར་དུ་འབྲུག་ཡུལ་ནས་ཨོ་གླིང་དུ་གཏན་སྡོད་གཞིས་ཆགས་སུ་སྐྱོད་མཁན་ཤིན་ཏུ་ཉུང་། ༢༠༢༢་ལོའི་ཕྱི་ཟླ་༦་པ་ནས་༢༠༢༣་ལོའི་ཕྱི་ཟླ་༦་པའི་བར་དུ་འབྲུག་པའི་སློབ་ཕྲུག་ཚོ་ཨོ་གླིང་དུ་སློབ་སྦྱོང་ལ་བསྐྱོད་རྒྱུའི་སྙན་ཞུ་འབུལ་མཁན་ལྡབ་༥་མང་དུ་སོང་། ཉེ་བའི་ལོ་ཤས་ཤིག་ནས་ཨོ་གླིང་ནི་འབྲུག་ཡུལ་གྱི་ཕྱི་ལོགས་སུ་འབྲུག་པ་མང་ཤོས་ཡོད་པའི་རྒྱལ་ཁབ་དེར་གྱུར། ༢༠༢༢་ལོའི་ཕྱི་ཟླ་༩་པའི་ཚེས་༢༣་ཉིན་འབྲུག་གཞུང་གིས་ཕྱི་ལ་སྒོ་མོ་ཕྱེ། འབྲུག་ཡུལ་གྱི་དཔལ་འབྱོར་ཡོང་འབབ་ཡུལ་སྐོར་སྤྲོ་འཆམ་ལ་ཤུགས་ཆེན་པོ་བརྟེན་ཡོད་པས་འབྲུག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་འགྲུལ་ཁྲལ་བསྡུ་རྒྱུ་མང་དྲགས་ནས་འགྲུལ་པ་མེད། འབྲུག་པའི་ན་གཞོན་ལས་མེད་པའི་གྲངས་འབོར་བརྒྱ་ཆ་༢༨་བརྒལ།།

ཐོག་མར་བཀྲ་ཤིས་སྐྱིད་ཆུས་འབྲུག་ཡུལ་དུ་རྫས་སྦྱོར་བཟོ་བཀོད་པའི་ལས་རིགས་སྦྱངས་ཀྱང་ཨོ་གླིང་དུ་ཚོང་ལས་ཀྱི་གོ་སྐབས་ཐོབ་ནས་ཤེས་ཡོན་སློབ་སྦྱོང་ལམ་སྟོན་པ་ཞིག་ཏུ་གྱུར། ད་ལྟ་བཀྲ་ཤིས་སྐྱིད་ཆུས་འབྲུག་ཡུལ་དུ་བཙུགས་པའི་བཟོ་ཚོང་ལས་ཁུངས་དེར་ལས་བྱེད་པ་༤༠་ནས་༥༠་ཡས་མས་ཤིག་འདུག ཁོ་པས་ང་ཨོ་གླིང་ལ་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ང་ལ་ཚོང་ལས་ཀྱི་གོ་སྐབས་ཤིག་ཐོབ་ནས་རྒྱལ་ཁབ་འདིར་བསྡད་པ་ལྟར་འབྲུག་ཡུལ་ནས་མི་གཞན་པའང་ཨོ་གླིང་དུ་གཞིས་ཆགས་སུ་ཡོང་རྒྱུ་མཚམས་ཆད་ས་མ་རེད། ལས་ཀའི་གོ་སྐབས་དང་སློབ་སྦྱོང་གི་ཞོར་དུ་སློབ་ཕྲུག་ཚོས་ལས་ཀ་ལས་ཆོག་པ་སོགས་ཀྱིས་ཨོ་གླིང་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བསྟན།།

ཨོ་གླིང་ནུབ་ཕྱོགས་ཀྱི་ཀིང་སི་ཊོན་རྒྱལ་སྤྱི་མཐོ་སློབ་ཁང་ནི་ལག་ཤེས་སློབ་གྲྭ་ཞིག་ཡིན་པ་དང་འབྲུག་པའི་སློབ་ཕྲུག་༡༥༠་ཙམ་ལ་ལག་ཤེས་བསླབས། ལས་ཤེས་སློབ་གྲྭ་དེའི་འཛིན་སྐྱོང་འགན་འཛིན་རྟ་མགྲིན་རྡོ་རྗེ་ཡང་འབྲུག་ཡུལ་ནས་ཨོ་གླིང་དུ་ཡོང་བའི་གཏན་སྡོད་གཞིས་པ་ཞིག་ཡིན་ཞིང་། ཁོ་པས་ཏོག་དབྱིབས་ནད་ཡམས་སྔོན་དེར་འབྲུག་ཡུལ་ནས་ཨོ་གླིང་དུ་སློབ་ཕྲུག་༡༥་ནས་༢༠་ཙམ་ལས་ཡོང་གི་མེད། དེང་སྐབས་འབྲུག་པ་ཚོར་འགྲན་སྡུར་གྱི་རིག་གཞུང་ཞིག་དར་འདུག སུ་ཞིག་ཕྱི་ལ་བསྐྱོད་ནས་གྲུབ་འབྲས་ཐོན་ན་མི་གཞན་པ་ཚོས་དེ་ལ་མིག་དཔེ་བལྟས་ནས་ཕྱི་ལ་བསྐྱོད་ཐབས་བྱེད་ཀྱི་འདུག་ཅེས་སྨྲས། འབྲུག་པའི་ན་གཞོན་དང་ཤེས་ཡོན་ཅན། ལྷག་པར་དུ་རྒྱལ་ཁབ་དེའི་གཞུང་ཞབས་པ་རྣམས་ཕྱི་རྒྱལ་ལ་བསྐྱོད་ནས་ཉམས་མྱོང་ཅན་དང་འཇོན་ཐང་ཅན་རྣམས་མེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བསོད་ནམས་སྟོབས་རྒྱལ་ནི་༢༠༢༡་ལོར་ཨོ་གླིང་དུ་བཅའ་སྡོད་འབྲུག་པའི་གཞུང་ཚབ་པ་ཡིན་ཞིང་། ཨོ་གླིང་གི་སློབ་ཆེན་ཁག་གི་སློབ་ཡོན་དམའ་བ་དང་ཐོངས་མཆན་ཐོབ་སླ་བ། སློབ་ཕྲུག་གི་བཟའ་ཟླ་བུ་ཕྲུག་སོགས་ཀྱང་ཨ་གླིང་དུ་ཡོང་ནས་དུས་ཚོད་ངེས་མེད་ལ་ལས་ཀ་ལས་ཆོག་པས་འབྲུག་པ་མང་པོ་ཨོ་གླིང་དུ་ཡོང་ཐུབ་པའི་ཐབས་སུ་འབད། ད་ལྟའི་འབྲུག་གཞུང་གི་བློན་ཆེན་བཅུའི་ནང་གི་བློན་ཆེན་༦་ཨོ་གླིང་གི་སློབ་ཆེན་ཁག་ནས་ཐོན། འབྲུག་གཞུང་གིས་རང་གི་རྒྱལ་ཁབ་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་ཀྱི་རྒྱལ་ཁབ་སྐྱིད་ཤོས་དེ་ཡིན་ཟེར། འོན་ཀྱང་འབྲུག་པ་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚང་ཁ་ཤིག་ཤིག་ཐར་ཐབས་བྱེད་ཀྱི་ཡོད་པར་གཞིགས་ཚེ། རྒྱལ་ཡོངས་བདེ་སྐྱིད་ཀྱི་ཐོན་སྐྱེད་ཚད་མཐོ་ཤོས་ཡོད་པའི་འབྲུག་རྒྱལ་ཁབ་ཏུའང་བདེ་སྐྱིད་མེད་པར་ན་གཞོན་ཚོ་ཕྱི་ལ་སྡེབ་སྐྱོད་བྱེད་ཀྱི་ཡོད་པར་སྣང་། དེ་བཞིན་འབྲུག་གཞུང་གིས་རྒྱལ་ཁབ་དེའི་སྲི་ཞུ་བའི་ལམ་ལུགས་ལ་ལེགས་བཅོས་བྱས་ནས་གཞུང་ཞབས་མང་པོས་རྩ་དགོངས་ཞུས་ཏེ་ཕྱི་རྒྱལ་ལ་སྡེབ་སྐྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཕྱི་ཟླ་༣་པའི་ཚེས་༣༡་ཉིན་རྟོག་ཞིབ་ཉམས་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་གི་ལོ་དཀྱིལ་དེར་འབྲུག་ཡུལ་གྱི་སྲིད་བློན་ནས་འབྲུག་པའི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མི་འདུག ང་ཚོར་འབྲུག་པ་མེད་པའི་འབྲུག་ཡུལ་ཞིག་མི་དགོས། འབྲུག་པ་ཉུང་ཉུང་ཞིག་ལས་མེད་པས་ས་གནས་གཞན་ལ་ལས་ཀ་འཚོལ་དུ་འགྲོ་རུ་འཇུག་འདོད་མེད་ཅེས་བསྒྲགས། འདས་པའི་ལོ་གཉིས་ཀྱི་ནང་ཚུད་དུ་འབྲུག་པའི་ན་གཞོན་༡༡༠༠༠་ལྷག་རང་ཡུལ་ནས་རྒྱལ་ཁབ་གཞན་ལ་གཏན་སྡོད་གཞིས་ཆགས་སུ་བསྐྱོད། ཕྱི་རྒྱལ་དུ་ཕྱིན་པའི་འབྲུག་པ་ན་གཞོན་དེ་དག་གི་གྲས་སུ་གཞུང་ཞབས་པ་དང་དགེ་རྒན། སྨན་པ་དང་སྨན་ཞབས་པ། གཞུང་སྒེར་གཉིས་ཀྱི་ཆེད་ལས་པ་ཇི་སྙེད་ཅིག་འདུས། མི་འབོར་འབུམ་༨་ཀྱང་མེད་པའི་འབྲུག་ཡུལ་ལ་མཚོན་ན་ལས་ཆེད་པ་ཅི་ཙམ་ཕྱི་ལ་ཤོར་ན་དེ་ཙམ་གྱིས་འབྲུག་ཡུལ་འཕེལ་རྒྱས་འགྲོ་མི་ཐུབ་པ་དང་རྒྱལ་ཁབ་དེའི་མདུན་ལམ་ལ་གནོད་སྐྱོན་ཆེ་ཞེས་གནས་ཚུལ་སྤེལ་འདུག

འབྲུག་ཡུལ་གྱི་དཔལ་འབྱོར་ཡོང་འབབ་གཙོ་བོ་ནི་ཆུ་ཤུགས་གློག་ཁང་ཁག་གི་གློག་ཕྱིར་ཚོང་དང་ཡུལ་སྐོར་སྤྲོ་འཆམ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལས་ཀར་བཏང་སྟེ་དེ་དག་གིས་རང་ཡུལ་དུ་བསྐུར་བའི་དངུལ་སྒོར་ཡིན་འདུག དཔེར་ན་༢༠༡༥་ལོར་འབྲུག་ཡུལ་དང་ཐེ་ལན་ཌི་གཉིས་ཀྱིས་གྲོས་མཐུན་བཞག་ནས་འབྲུག་པ་༡༢༠༠༠་ལ་ཐེ་ལན་ཌིའི་ཡུལ་དུ་ལས་ཀ་སྤྲོད་རྒྱུའི་གྲོས་མཐུན་བྱུང་། ལོ་དེར་འབྲུག་གཞུང་གིས་དཀྱིལ་ཤར་ས་ཁུལ་གྱི་ཨ་རབ་རྒྱལ་ཁབ་ཀུ་ཝེ་ཐེ་ལ་འབྲུག་པ་ངལ་རྩོལ་བ་༡༠༠་མངགས། ལོ་དེར་ཉི་ཧོང་དུའང་འབྲུག་པའི་སློབ་ཕྲུག་སྐོར་ཐེངས་དང་པོ་བཏང་བ་དང་༢༠༡༩་ལོར་འབྲུག་ཡུལ་དང་ཉི་ཧོང་གཉིས་ཀྱིས་ལག་ཤེས་སློབ་སྦྱོང་གི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་འབྲུག་པའི་སློབ་ཕྲུག་ཚོར་ཉི་ཧོང་དུ་ལག་ཤེས་སློབ་སྦྱོང་གི་གོ་སྐབས་ཐོབ། འབྲུག་པའི་ན་གཞོན་མང་པོ་རྒྱ་གར་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ། ཁ་ཊར་སོགས་ལ་ངལ་རྩོལ་རྒྱུག་ཏུ་བསྐྱོད། འབྲུག་ཡུལ་གྱི་ཕྱི་སྲིད་ལྷན་ཁང་དང་གཞུང་ཚབ་ཁག འབྲུག་པའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་གཞི་གྲངས་ལྟར་ཚེ། འབྲུག་པ་༣༢༢༥༨་འཛམ་གླིང་རྒྱལ་ཁབ་༡༡༣་ལ་ཁྱབ་ཡོད་པའི་གནས་ཚུལ་ཐོན་འདུག