ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༡/༡༥

འབྲུག་ཡུལ་དུ་དགེ་རྒན་མི་འདང་བ་དང་ན་གཞོན་ཚོ་ཕྱི་རྒྱལ་དུ་བསྐྱོད། 


༄༅།། དེང་སྐབས་འབྲུག་ཡུལ་དུ་དགེ་རྒན་འདང་ངེས་མེད་པའི་དཀའ་ངལ་འཕྲད་འགོ་ཚུགས། འདས་པའི་ཟླ་བ་༦་གི་ནང་དུ་ཕུན་ཚོགས་གླིང་ཁྲོམ་སྡེའི་སློབ་གྲྭ་ཁག་གི་དགེ་རྒན་༢༢་ཀྱིས་རྩ་དགོངས་ཞུས། ལོ་འདིར་ཉི་མ་༨་རེའི་མཚམས་སུ་དགེ་རྒན་རེས་རྩ་དགོངས་ཞུས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༧་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུན་ཚོགས་གླིང་ཁྲོམ་སྡེར་མཐོ་འབྲིང་སློབ་གྲྭ་༢་དང་གཞི་རིམ་སློབ་གྲྭ་༢་བཅས་ཁྱོན་བསྡོམས་གཞུང་གཉེར་སློབ་གྲྭ་༤་ཡོད་ཅིང་། ཁྲོམ་སྡེའི་ཤེས་ཡོན་འགན་འཛིན་འཆི་མེད་རིག་འཛིན་གྱིས་དགེ་རྒན་མང་ཆེ་བ་ཕྱི་ཟླ་༦་པའི་ཟླ་མཇུག་ཏུ་དགོངས་པ་ཞུས་སོང་། ད་ལོའི་སློབ་སྐབས་གཉིས་པར་དགེ་རྒན་༡༩་ཚང་གི་མེད། སློབ་སྐབས་དང་པོའི་ཟླ་བ་༧་གྱི་རིང་དགེ་རྒན་ལས་ཚབ་༡༠་བསྐོས་ཏེ་མཐོ་འབྲིང་སློབ་གྲྭ་གཉིས་ལ་སློབ་ཁྲིད་བྱེད་དུ་བཅུག་པ་ཡིན། དགེ་རྒན་གྱི་ས་མིག་ཡོད་ཀྱང་སློབ་ཚན་ཚང་མ་སློབ་ཐུབ་པའི་དགེ་རྒན་འོས་ཆོས་ཚང་བ་རྙེད་ཁག་པོ་འདུག་ཅེས་བསྟན།།

ཕུན་ཚོགས་གླིང་ཁྲོམ་སྡེའི་སློབ་གྲྭ་ཁག་གི་དགེ་རྒན་གྱི་ས་མིག་ཁག་ལ་ཞུགས་རྒྱུའི་སྙན་ཞུ་འབུལ་མཁན་ཚོར་ལས་ཀ་སྤྲད་ཀྱང་མི་ཁག་ཅིག་གིས་དགོངས་པ་ཞུས་ནས་སློབ་ཕྲུག་ཚོར་དགེ་མེད་པར་གྱུར། ཕུན་ཚོགས་གླིང་མཐོ་འབྲིང་སློབ་གྲྭ་གཅིག་པུར་རྩིས་རིག་དགེ་རྒན་༣་དང་དངོས་ཁམས་རིག་པའི་དགེ་རྒན་གཅིག ས་རྒྱུས་དང་ལོ་རྒྱུས་ཀྱི་དགེ་རེ་བཅས་ཁྱོན་བསྡོམས་དགེ་རྒན་༦་གི་ས་མིག་སྟོང་པུར་ལུས། ཕུན་ཚོགས་གླིང་རིག་གསར་མཐོ་འབྲིང་སློབ་གྲྭར་དངོས་ཁམས་རིག་པའི་དགེ་རྒན་གཅིག་རག་མེད། ཕུན་ཚོགས་གླིང་གི་གཞི་རིམ་སློབ་གྲྭར་སྤྱི་བྱིངས་ཀྱི་སློབ་ཚན་དང་རྫོང་ཁའི་སྐད་ཡིག་་དགེ་རྒན་༦་གི་ས་མིག་སྟོང་པར་ལུས་ཡོད་པས་སློབ་གྲྭའི་ལས་སྣེ་ཚོས་འབྲུག་གཞུང་ཤེས་རིག་ལྷན་ཁང་ལ་དགའ་ངལ་རྣམས་ཞུས་ཏེ་སེལ་དགོས་པའི་འབོད་སྐུལ་ཞུས། ད་ལྟ་འབྲུག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་དགེ་རྒན་༨༤༢་ཀྱི་ས་མིག་སྟོང་པར་ལུས་ཏེ་འོས་ཆོས་ཚང་བའི་དགེ་རྒན་རྙེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

༡༩༦༢་ནས་འབྲུག་གཞུང་གིས་རྒྱ་གར་གྱི་ས་གནས་ཁག་ནས་དགེ་རྒན་གདན་འདྲེན་ཞུས་ཏེ་སློབ་ཁྲིད་བྱེད་དུ་བཅུག་པར་མ་ཟད། འབྲུག་གཞུང་གིས་རྒྱ་གར་ནས་གདན་འདྲེན་ཞུས་པའི་དགེ་རྒན་བརྒྱ་ཆ་༦༠་ལྷག་ལྷོ་ཕྱོགས་མ་ལ་ཡའི་ཡུལ་ལམ། ཀེ་ར་ལ་ཞེས་འབོད་པའི་མངའ་སྡེ་ནས་ཡིན་ཞིང་། ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༢༦་ཉིན་རྒྱ་གར་གྱི་ཧིན་རྡུ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་༥༠་པ་བར་དུ་འབྲུག་ཡུལ་གྱི་རི་ལུང་ཀུན་ཏུ་དགོན་སྡེ་ཆགས་ཡོད་པ་དེ་རྣམས་ཤེས་ཡོན་གྱི་ལྟེ་གནས་སུ་གྱུར། འབྲུག་གཞུང་གིས་ཤེས་ཡོན་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་པའི་རྗེས་སུ་རྒྱ་གར་གྱི་མ་ལ་ཡའི་ཡུལ་ནས་དགེ་རྒན་བསྡུས། དེ་ནས་བཟུང་སྟེ་ཧིན་འབྲུག་མཛའ་འབྲེལ་མཐུན་ཚོགས་བཙུགས་ནས་ཀེ་ར་ལ་མངའ་སྡེ་ནས་རྒྱ་གར་གྱི་དགེ་རྒན་༡༥༠༠༠་ལྷག་འབྲུག་ཡུལ་དུ་བཏང་སྟེ་ཤེས་ཡོན་བསླབས། རྒྱ་གར་བ་བཟའ་ཚང་གཉིས་དགེ་རྒན་དང་པོའི་གྲས་སུ་ཡོད་པ་དང་ཁོ་ཚོའི་བུ་མོ་ས་ཇཱི་ཐན་ཀ་པན་(Saji Thankappan)་ཞེས་པ་ཞིག་གིས་ངའི་ཨ་ཕས་འབྲུག་ཡུལ་གྱི་ས་གནས་གང་སར་སློབ་གྲྭ་བཙུགས། ངའི་ཨ་མས་སློབ་གྲྭ་མ་ཚོགས་གོང་དུ་འབྲུག་པའི་ཕྲུ་གུ་ཚོའི་གཟུགས་པ་བཀྲུས་པ་རྣམས་ངས་དྲན་གྱི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

ཝི་ནུ་ན་དྷ་པི་ཨི་ལེ་ཞེས་པ་ནི་དུས་རབས་སྔོན་མའི་ལོ་རབས་༨༠་པའི་ནང་དུ་འབྲུག་ཡུལ་དུ་དགེ་རྒན་ལ་བསྐྱོད། ཁོང་གིས་འབྲུག་པའི་སློབ་ཕྲུག་ཚོས་རྫོང་ཁའི་སྐད་ཆ་མ་གཏོགས་བཤད་མི་ཤེས། ང་ཚོས་དབྱིན་ཇི་བཤད་ནས་གོ་བརྡ་ཡག་པོ་ཞིག་མི་འཕྲོད་མོད། འོན་ཀྱང་སློབ་ཕྲུག་དེ་རྣམས་ལྷག་བསམ་རྣམ་དག་དང་བརྩོན་འགྲུས་ཆེ་བ་སོགས་ཀྱིས་ང་ཚོའི་འབྲེལ་བ་དེ་སྲ་བརྟན་པོ་ཞིག་ཚུགས། ངས་ལོ་བཅུ་ལ་འབྲུག་ཡུལ་དུ་སློབ་ཁྲིད་བྱས་པའི་ཉམས་མྱོང་རྣམས་ཡིག་ཐོག་ཏུ་བཀོད་ནས་དེབ་ཅིག་འབྲི་བཞིན་ཡོད་ཟེར། རྒྱ་གར་གྱི་ཆི་ནེ་གྲོང་ཁྱེར་གྱི་ཨེ་ཤི་ཡའི་གསར་འགོད་ལས་རིགས་མཐོ་སློབ་ཁང་གི་དགེ་རྒན་དཱེ་ཝ་ད་ས་ར་ཇ་རམ་གྱིས་ངས་ལོ་༢༩་ཡི་ཡར་སྔོན་དེར་འབྲུག་ཡུལ་དུ་སློབ་ཁྲིད་བྱས་མྱོང་། ང་འབྲུག་རྒྱལ་པོ་སྔོན་མར་མཇལ་མྱོང་ཡོད། ཉེ་ཆར་ང་འབྲུག་པའི་སྤྱི་ཚོགས་དྲྭ་ལམ་གྱི་ཚོགས་པ་ཞིག་གི་ནང་དུ་བཅུག་འདུག འབྲུག་པ་ཚོས་ཀེ་ར་ལའི་དགེ་རྒན་ཚོར་མཐོང་འཇོག་ཆེན་པོ་དང་སློབ་ཕྲུག་ཚོས་ལོ་མང་རྗེས་སུའང་དགེ་རྒན་གྱི་བཀའ་དྲིན་དྲན་གྱི་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།།

ད་ལོའི་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་ཕྱིན་པ་དང་ལོ་ལྟར་སློབ་ཆེན་ཐོན་པའི་ན་གཞོན་ཤེས་ཡོན་ཅན་མང་དུ་འགྲོ་བཞིན་ཡོད་ཀྱང་དགེ་རྒན་འོས་ཆོས་ཚང་བ་རྙེད་ཀྱི་མེད་པའི་དཀའ་ངལ་སེལ་མ་ཐུབ། དེའི་རྒྱུ་རྐྱེན་གཅིག་ནི་༢༠༢༠་ལོར་འབྲུག་ཡུལ་དུ་ཕྲུ་གུ་༡༠༢༤༠་སྐྱེས་པ་དང་མི་༥༡༡༥་གྲོངས། འབྲུག་ཡུལ་གྱི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་ན་གཞོན་༥༠༠༠་ཡས་མས་རེ་ཕྱི་རྒྱལ་དུ་ཁྱིམ་གཞིས་སྤོས། ང་ཚོས་འབྲུག་པའི་ན་གཞོན་༥༠༠༠་རེ་ཕྱི་རྒྱལ་དུ་བསྐྱོད་ཀྱི་འདུག་ཟེར་བ་ནི་ལོ་རེར་ཟེར་བ་མིན། ༢༠༢༣་ལོའི་མགོ་སྟོད་དེར་སྤ་རོའི་གནམ་ཐང་དུ་ཟླ་བ་རེར་འབྲུག་པའི་ན་གཞོན་༥༠༠༠་རེ་ཕྱི་རྒྱལ་དུ་བསྐྱོད་འདུག ༢༠༢༢་ལོར་སྤ་རོའི་གནམ་ཐང་གཅིག་པུ་ནས་མི་༡༦༩༧༣་ཕྱི་རྒྱལ་དུ་བསྐྱོད། དེ་ནི་བུམ་ཐང་རྫོང་ཧྲིལ་པོའི་མི་འབོར་ལྟ་བུ་ཞིག་རེད། གོང་གི་གྲངས་འབོར་དེའི་ཁོངས་སུ་ས་ཐོག་བརྒྱུད་ནས་ཕྱི་རྒྱལ་དུ་ཕྱིན་པ་རྣམས་འདུས་མེད་ཅེས་གནས་ཚུལ་སྤེལ།།

འབྲུག་པ་ཚོ་ཕྱི་རྒྱལ་དུ་བསྐྱོད་ཡུལ་གཙོ་བོ་ནི་ཨོ་གླིང་ཡིན་འདུག ༢༠༡༨་ལོའི་ཕྱི་ཟླ་དང་པོའི་ཚེས་༡་ནས་༢༠༢༣་ལོའི་ཕྱི་ཟླ་༣་པའི་ཚེས་༢༢་བར་དུ་འབྲུག་པ་༡༣༥༨༣་སྤ་རོ་གནམ་ཐང་བརྒྱུད་ནས་ཨོ་གླིང་དུ་ཕྱིན་པ་ཐོ་གཞུང་དུ་འཁོད། ད་དུང་ཡང་འབྲུག་པ་ཚོ་ཕྱི་རྒྱལ་དུ་གནས་སྤོར་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་གནས་ཚུལ་སྤེལ། ཀུན་གསལ་གསར་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ༢༠༡༥་ལོའི་ཕྱི་ཟླ་དང་པོ་ནས་༢༠༢༢་ལོའི་ཕྱི་ཟླ་༦་པའི་བར་དུ་ཆ་མཉམ་ཟླ་བ་རེར་འབྲུག་པ་༢༤༥་རེ་ཕྱི་རྒྱལ་དུ་བསྐྱོད། ༢༠༢༢་ལོའི་ཕྱི་ཟླ་༧་པ་ནས་ཟླ་བ་རེར་མི་༣༡༢༠་རེ་ཕྱི་རྒྱལ་དུ་བསྐྱོད་ཀྱང་༢༠༢༣་ལོའི་ཕྱི་ཟླ་དང་པོའི་ནང་དུ་མི་༥༠༩༩་བསྐྱོད། ཕྱི་ཟླ་༢་པའི་ནང་དུ་མི་༥༥༤༢་ཕྱི་རྒྱལ་དུ་ཕྱིན་འདུག འབྲུག་པ་ཚོ་ཕྱི་རྒྱལ་དུ་བསྐྱོད་ཡུལ་རྒྱལ་ཁབ་༡༡༨་ཡོད་པ་དེ་དག་གི་ཁོངས་སུ་ཨ་ཛར་བྷ་ཇེན་དང་བྷེ་ལོ་རུ་སི། ཆ་ཌ་དང་ཨི་ཇེབ། གྷ་བྷོན་དང་ཇཱ་མེ་ཀ ཀི་རི་བྷ་ཏི་དང་ལེ་བྷ་ནན། ནོ་རུ་དང་པ་པུ་ཝ་ནེའུ་གྷི་ནི། སེར་བྷི་ཡ་དང་ཐན་ཛ་ཎི་ཡ། ཡུ་གྷན་ཌ་དང་ཛིམ་བྷབ་ཝེ་སོགས་འདུས།།

འབྲུག་པ་ཅི་ཙམ་རྒྱ་གར་དང་བལ་ཡུལ། བངྒ་ལ་དང་ཨ་རི། ཁེ་ན་ཌར་ཕྱིན་ཡོད་མེད་ཀྱི་གཞི་གྲངས་གསལ་པོ་ཞིག་མ་རྙེད། རྒྱ་གར་དུ་འབྲུག་པ་༡༥༣༩༠་དང་བལ་ཡུལ་དུ་༡༩༤༦། བངྒ་ལའི་ནང་དུ་འབྲུག་པ་༢༥༢་ཡོད་པའི་ཚོད་དཔག་བྱས་འདུག འབྲུག་པ་ཕྱི་རྒྱལ་དུ་སྐྱོད་ཀྱི་ཡོད་པ་དེ་དག་གི་ཆ་མཉམ་ལོ་ཚད་ནི་ལོ་༢༩.༧༡་ནས་ལོ་༣༥་མན་ཆད་ཡིན་འདུག ཨོ་གླིང་དུ་སྐྱོད་མཁན་ཚོའི་ཆ་མཉམ་ལོ་ཚད་ནི་ལོ་༢༨་དང་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁུ་ཝེ་ཐེར་འབྲུག་༢༨༨༦་ངལ་རྩོལ་རྒྱུག་ཏུ་ཕྱིན་ཡོད་པ་དེ་དག་གི་ཆ་མཉམ་ལོ་ཚད་ལོ་༢༤་ཡིན་འདུག བུད་མེད་ཕྱི་རྒྱལ་དུ་སྐྱོད་མཁན་བརྒྱ་ཆ་༧༤་ཡི་ཆ་མཉམ་ལོ་ཚད་ལོ་༣༥་ནས་༣༥་མན་ཆད་ཡིན་པར་མ་ཟད། སྐྱེས་པ་ཕྱི་རྒྱལ་དུ་སྐྱོད་མཁན་བརྒྱ་ཆ་༦༦་གི་ཆ་མཉམ་ལོ་ཚད་ལོ་༣༥་ནས་༣༥་མན་ཆད་ཡིན་འདུག འབྲུག་པའི་ཕོ་མོ་གཉིས་ཀྱི་ནང་ནས་ཕྱི་རྒྱལ་དུ་སྐྱོད་མཁན་བརྒྱ་ཆ་༥༡་བུད་མེད་ཡིན་པ་དང་དཀྱིལ་ཤར་ས་ཁུལ་དང་ཁེ་ན་ཌ། དབྱིན་ཇི་བཅས་ལ་སྐྱོད་མཁན་མང་ཆེ་བ་བུད་མེད་ཡིན་པ་ལྟར་ཨོ་གླིང་དུ་སྐྱོད་མཁན་བརྒྱ་ཆ་༥༢་་བུད་མེད་ཡིན་པའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད།

XS
SM
MD
LG