དེ་རིང་ཕྱི་ཚེས་དྲུག་ཉིན་འདི་ག་བལ་ཡུལ་འཕགས་ཤིང་ས་གནས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་གཡུང་དྲུང་བོན་གྱི་སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་༡༠༠་ལ་ཕེབས་པའི་བརྒྱ་སྟོན་རྟེན་འབྲེལ་མཛད་སྒོ་འཚོགས་པ་དང་། མཛད་སྒོའི་སྟེང་ཐོག་མར་ཚོགས་པ་ཁག་དང་དད་ལྡན་སློབ་འབངས་སྟོང་ཕྲག་བརྒལ་བ་གཙུག་ལག་ཁང་གསར་བའི་འདུ་ཁང་དུ་འཛོམས་ཏེ་རིན་པོ་ཆེ་མཆོག་ལ་མཎྚལ་རྟེན་གསུམ་འདེགས་འབུལ་དང་ལྷན་མཇལ་ཁ་གྲོལ་རྗེས་དགོན་པའི་མདུན་དུ་བཀོད་སྒྲིག་བྱས་བའི་གུར་ཆེན་ནང་གཏམ་བཤད་གྱི་མཛད་སྒོ་གནང་ཞིང་། གུར་ཆེན་ནང་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་མཛད་སྒོ་ངོ་སྤྲོད་གནང་སོང་། ཁོང་གིས་གསུངས་དོན་དུ། སྐྱབས་རྗེ་ཡོངས་འཛིན་རིན་པོ་མཆོག་གིས་སྐུ་ཚེ་ཧྲིལ་བོར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་བྱེས་སུ་བོན་གྱི་གདན་ས་གསར་འཛུགས་སོགས་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བསྐྱངས་གནང་སྟེ་ད་ཆར་དགུང་གྲངས་༡༠༠་ལ་ཕེབས་པ་ནི་སྐལ་ལྡན་སློབ་འབངས་དག་གི་བསོད་ནམས་ཀྱི་བགོ་སྐལ་ཡིན་པ་སོགས་གསུངས་སོང་། དེ་དང་ཆབས་ཅིག་སྨན་རིའི་དབོན་སློབ་རིན་པོ་མཆོག་གིས་ཞ་དཀར་གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གིས་བསྕལ་བའི་གསུང་འཕྲིན་སྒྲོག་སྦྱངས་དང་འབྲེལ་ཐེངས་འདིར་ཁྲི་འཛིན་མཆོག་མཛད་སྒོའི་སྟེང་སྐུ་དངོས་སུ་ཕེབས་རྒྱུར་གོ་སྐབས་མ་བྱུང་ཀྱང་མ་འོངས་བར་ཕེབས་འཆར་ཡོད་སྐོར་སོགས་གསུངས་སོང་།
དེ་དང་ཆབས་ཅིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་བའི་ནང་། སྟོན་པ་གཤེན་རབས་མི་བོ་ཆེ་མཆོག་གི་བསྟན་པ་དར་ནས་ད་བར་དུ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་གཞོལ་བའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པར་དད་གུས་དང་བཅས་ད་རེབ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་བརྒྱ་སྟོན་རྟེན་འབྲེལ་བཀོད་སྒྲིག་གནང་ཐུབ་པ་བྱུང་བར་ཧ་ཅང་ལེགས་གསོལ་གྱི་འཚམས་འདྲི་དང་། མ་འོངས་པར་དད་ལྡན་སློབ་འབངས་ཡོངས་ཀྱིས་བླ་མའི་བཀའ་བཞིན་དུ་སྒྲུབ་པར་སྐུལ་མ་བྱེད་རྒྱུ་ཡིན་པ་སོགས་གསུངས་སོང་། དམིག་བསལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་བསྩལ་བའི་ནང་། ངོས་ཀྱི་གྲོགས་མཆོག་སློབ་དཔོན་བསྟན་འཛིན་རྣམ་དག་འདི་ལོར་དགུང་གྲངས་༡༠༠་ལ་ཕེབས་པའི་བརྒྱ་སྟོན་མཛད་སྒོ་ཞིག་བོན་འབངས་སྤྱིའི་ཚབ་བྱས་ཏེ་ཁྲི་བརྟན་ནོར་བུའི་རྩེ་རུ་གྲ་སྒྲིག་ཞུ་རྩིས་ལ་ཡུན་རིང་བསྔགས་བརྗོད་དང་འབྲེལ་མཛའ་བརྩེའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་པ་སོགས་འཁོད་ཡོད་པ་རེད་འདུག
གཞན་ཡང་ཐེངས་འདིའི་བརྒྱ་སྟོན་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་སྤྱི་འཐུས། བལ་ཡུལ་ས་གནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་མི་སྣ་བཅས་ཆེད་ཕེབས་གནང་ཡོད་པ་མ་ཟད། བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་དད་ལྡན་མང་ཚོགས་ཧ་ཅང་མང་པོ་ཕེབས་ཡོད་པ་རེད་འདུག
གླེང་སྟེགས།