ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

མི་རིགས་ས་གནས་རང་སྐྱོང་གནས་མིན་དང་དབུ་མའི་ལམ་གྱི་འཐབ་ཇུས་ལ་འགྱུར་བ།


རྒྱ་ནག་གཞུང་གིས་བོད་ནང་གི་མི་རིགས་ས་གནས་རང་སྐྱོང་ཁག་མེད་པར་གཏོང་སྲིད་པས། གལ་ཏེ་མི་རིགས་ས་གནས་རང་སྐྱོང་མེད་པར་བཏང་བ་ཡིན་ན་བོད་རྒྱ་གྲོས་མོལ་གྱི་གཞི་རྟེན་མེད་སོང་བ་དང། དབུ་མའི་ལམ་གྱི་འཐབ་ཇུས་ལ་རང་བཞིན་གྱིས་འགྱུར་བ་ཐེབས་ཀི་ཡོད་ཅེས་བོད་གནས་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས་བརྗོད་བྱུང་།

བསྟན་འཛིན་ནོར་རྒྱས་ལགས་ཀྱིས་ཕྱག་ལས་གནང་སའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ཆར་སྙན་ཐོ་ཞིག་བཏོན་པ་དང་དེའི་ནང་དུ་གཙོ་བོ་སྤྱི་ལོ་༢༠༡༢་ལོ་ནས་༢༠༢༢་ལོ་བར་སྟེ་ལོ་བཅུའི་རིང་ལ་རྒྱ་ནག་གི་དམར་ཤོག་མགོ་ཁྲིད་ཞི་ཅིན་ཕིང་གིས་བོད་ནང་དུ་སྲིད་ཇུས་གང་འདྲ་བཟུང་ཡོད་པ་གསལ་སྟོན་བྱེད་ཡོད། བསྟན་འཛིན་ནོར་རྒྱས་ལགས་ཀྱིས་བརྗོད་ན་བོད་ཀྱི་རིག་གནས་དང་ཁོར་ཡུག དཔལ་འབྱོར། སྐད་ཡིག འཚོ་གནས། ཤེས་ཡོན་སོགས་གནས་སྟངས་རིམ་པ་མང་པོ་ཡོད་ཀྱང་། དེ་དག་ཚང་མ་མཐར་དེད་ན་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁོངས་སུ་བདེ་འཇགས་དོ་དམ་བྱེད་སྟངས་དང་བོད་མི་རྣམས་རྒྱ་མི་ལ་བསྒྱུར་རྒྱུའི་སྲིད་ཇུས་འདི་སྙན ཐོ་འདིའི་ནང་གི་འབབ་ས་གཙོ་བོ་ཡིན་པ་རེད།

བསྟན་འཛིན་ནོར་རྒྱས་ལགས་ཀྱིས་ཞི་ཅིན་ཕིང་གི་རྒྱ་བསྒྱུར་སྲིད་ཇུས་ཉེན་ཁ་ཅན་དེའི་སྐོར་ལ་དེ་ནི་ལོ་བཞི་ལྔ་ལྟ་བུའི་དུས་ཡུན་ཐུང་ངུའི་ནང་ལ་འབྲས་བུ་ཐོན་རྒྱུ་ཞིག་མ་ཡིན་པར། ལོ་ངོ་༢༠་དང་༣༠་རྗེས་སུ་བོད་ཀྱི་མི་རབས་ཤིག་རྒྱ་མི་ལ་བསྒྱུར་རྒྱུའི་སྲིད་ཇུས་ཉེན་ཁ་ཅན་ཞིག་རེད་ཅེས་གསུངས་བྱུང་། ཡང་ཁོང་གིས་ཉམས་ཞིབ་ཀྱི་རྒྱུད་རིམ་ཁྲོད་ནས་དོ་སྣང་བྱུང་བ་ཞིག་ནི་རྒྱ་ནག་ཏུ་ད་ལྟའི་མི་རིགས་ས་གནས་རང་སྐྱོང་འདི་མེད་པར་གཏོང་དགོས་པའི་གླེང་སློང་ཡོང་གི་ཡོད་པས་བོད་ནང་གི་མི་རིགས་ས་གནས་རང་སྐྱོང་གི་གནས་སྟངས་མུ་མཐུད་ནས་གནས་ཐུབ་མིན་ཐེ་ཚོམ་ཡིན་པ་རེད།

བསྟན་འཛིན་ནོར་རྒྱས་ལགས།
བསྟན་འཛིན་ནོར་རྒྱས་ལགས།

བསྟན་འཛིན་ནོར་རྒྱས་ལགས་ལ་རྒྱ་ནག་གཞུང་གིས་མི་རིགས་ས་གནས་རང་སྐྱོང་གི་ཁེ་དབང་རྩ་ཁྲིམས་སུ་བཀོད་པ་དེ་ཚོ་རྒྱ་ནག་གིས་ལག་ལེན་བསྟར་གི་མེད་པ་དང་དེ་ནི་མིང་སྐམ་པོ་ཞིག་མ་ཡིན་ནམ་ཞེས་བཀའ་འདྲི་ཞུ་སྐབས། ཁོང་གིས་ལན་དུ། རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཟེར་བ་དབུ་བརྙེས་པ་ནས་ཡག་རུང་སྡུག་རུང་མི་རིགས་ས་གནས་རང་སྐྱོང་ཟེར་བ་ཞིག་ཡོད་པ་རེད། འགྲིག་གི་ཡོད་མེད་གཉིས་ཀྱི་རྩོད་པ་རྒྱག་གི་ཡོད་ན་ཡང་གང་ལྟར་ད་ལྟའི་བར་དུ་མི་རིགས་ས་གནས་རང་སྐྱོང་ཟེར་བ་འདི་གནས་བསྡད་པ་ཡོད། ཡིན་ན་ཡང་འདས་པའི་ལོ་བཅུ་དང་བཅོ་ལྔའི་ནང་ལ་རྒྱ་ནག་གི་དམར་ཤོག་དཔོན་རིགས་དང་སློབ་གྲྭ་ཆེན་མོའི་དགེ་རྒན། ཡང་རྒྱ་ནག་སྲིད་ཇུས་ཉམས་ཞིབ་ཁང་དེ་འདྲའི་ཁྲོད་དུ་རྒྱ་ནག་གི་ད་ལྟའི་མི་རིགས་ས་གནས་རང་སྐྱོང་འདི་རྩ་མེད་གཏོང་དགོས་པའི་གླེང་སློང་བྱེད་མཁན་མང་པོ་རེད། ད་ལྟའི་བར་མེད་པར་བཏང་མེད་ཀྱང་མུ་མཐུད་ནས་འགྱུར་བ་གཏོང་གི་མ་རེད་ཅེས་པ་བཤད་པ་ཁག་པོ་ཡིན་པ་མ་ཟད། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཁྲོད་དུ་སྲིད་འཛིན་ཡིན་ཡང་ལས་ཡུན་གསུམ་པ་བྱེད་རྒྱུའི་འགྱུར་བ་བཏང་བ་ལྟར། འདས་པའི་ལོ་ངོ་༧༠་ལྷག་གི་མི་རིགས་ས་གནས་རང་སྐྱོང་ཡོད་བསྡད་པ་འདི་ལ་འགྱུར་བ་བཏང་བ་ཡིན་ན། ང་རང་ཚོས་བཤད་བཞིན་པའི་བོད་རྒྱ་གྲོས་མོ་ལམ་ནས་སེལ་བར་དབུ་མའི་ལམ་གྱི་སྲིད་ཇུས་ལ་རང་བཞིན་གྱིས་འགྱུར་བ་ཐེབས་ཀི་རེད། མི་རིགས་ས་གནས་རང་སྐྱོང་ལ་འགྱུར་བ་ཐེབས་ན་དབུ་མའི་ལམ་གྱི་གཞི་འཇོག་སའི་ཀ་བ་དེ་མར་འགྱེལ་ཡོང་གི་ཡོད། འདི་ནི་ཉེན་ཁ་ཆེན་པོ་ཡིན་པས་ངས་དོ་སྣང་བྱེད་བཞིན་ཡོད་ཅེས་གསུང་བྱུང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས ༼ཞི་ཅིན་ཕིང་གི་བོད་ནང་གི་ལོ་བཅུ་༽ཞེས་པའི་སྙན་ཐོ་ཤོག་བུ་༡༥༠་ལྷག་ཅན་ཞིག་འདོན་སྤེལ་གནང་བ་འདི་ནི་འདས་པའི་ལོ་བཅུའི་ནང་ལ་བོད་ནང་དུ་རྒྱ་བསྒྱུར་སྲིད་ཇུས་སྤེལ་བཞིན་པའི་བདེན་དཔང་གི་སྙན་ཐོ་བོད་མིའི་ཕྱོགས་ནས་བཏོན་པ་ཞིག་ཆགས་ཡོད་པ་རེད་ལ། བསྟན་འཛིན་ནོར་རྒྱས་ལགས་ཀྱིས་གསུང་དོན་ལྟར་ན། ནུབ་ཕྱོགས་པ་དང་རྒྱ་མི་ཚོས་བོད་དོན་ཐོག་ལ་དཔྱད་རྩོམ་དང་སྙན་ཐོ་སོགས་འདོན་སྤེལ་གནང་བཞིན་པར་ཉན་དགོས་པ་དང་ལྟ་དགོས་པ་གལ་ཆེན་པོ་རེད་དེ། བོད་དང་བོད་མིའི་ཁེ་ཕན་གཞི་ལ་བཞག་པའི་བོད་ཀྱི་གནས་བབ་དང་མ་འོངས་པ་སོགས་ལ་ལྟ་སྐབས་བོད་པ་རང་གི་སྙན་ཐོ་ནི་གང་ལས་ཀྱང་གལ་ཆེ་བ་ཡིན་པ་རེད།

ཞི་ཅིན་པེན་གྱི་བོད་ནང་ལོ་བཅུ།
please wait

No media source currently available

0:00 0:18:08 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG