ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༠༤

རྒྱ་ནག་གཞུང་གིས་དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་པ།


བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ལྦང་ཅུན་ཀྲེང་
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ལྦང་ཅུན་ཀྲེང་

བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ལྦང་ཅུན་ཀྲེང་གིས་དེང་སྐབས་ལྷ་སའི་ཉེ་འཁོར་དགོན་སྡེ་ཁག་ལ་ཆེད་སྐྱོད་བྱེད་བཞིན་ཡོད་པ་དང་ལྷ་སའི་སྟོད་ལུང་ཚུར་ཕུ་དགོན་པ་དང་གནས་ནང་དགོན་པར་སྐྱོད་ནས་གྲྭ་པ་ཚོར་སླར་ཡང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་དང་དུས་མཚུངས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་དགེ་འདུན་པ་ཚོས་འགག་རྩའི་དུས་སུ་དངོས་འབྲེལ་ནུས་པ་ཐོན་ཐུབ་པའི་རེ་བ་ཡོད་པ་སོགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པ་རེད་འདུག

རྒྱ་ནག་གཞུང་འབྲེལ་དྲ་བའི་ནང་གནས་ཚུལ་བཀོད་པ་ལྟར་ན་ཝང་ཅུན་ཀྲེང་སྔ་རྗེས་སུ་མཚུར་ཕུ་དགོན་དང་གནས་གནང་དགོན་དུ་ཕེབས་ནས་ཁོང་གིས། རྒྱ་ཆེའི་གྲྭ་བཙུན་གྱིས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་དངོས་འབྲེལ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད་ཅེས་བཀོད་འདུག ལྦང་ཅུན་ཀྲེང་གིས་ད་དུང་དགེ་འདུན་པ་ཚོར་འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས། རིག་དངོས་དང་གནའ་གཞུང་གི་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་དགོས་ཞེས་པ་སོགས་བཤད་འདུག

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་གནས་ཚུལ་དེའི་སྐོར་ཉམས་ཞིབ་ཀྱི་བཀའ་ལན་གནང་བའི་ནང་དེ་ནི་རྒྱ་ནག་གཞུང་གིས་གྲ་བཙུན་རྣམས་ནི་ཆབ་སྲིད་ཐད་ནས་ཉེན་ཁ་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་གནས་སྟངས་རེ་རེའི་སྐབས་སུ་དང་ཐོག་དགེ་འདུན་པ་ཚོར་དོག་ཟོན་བྱེད་ཀྱི་ཡོད་པ་སོགས་གསུངས་སོང་།

དེ་དང་ཕྱོགས་མཚུངས་རང་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་དོན་ནང་ཉེ་ཆར་ཨ་རིའི་སྲིད་དོན་པ་ཚོས་གསུངས་དོན་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་མིན་པ་དང་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་བོད་དོན་ཡིག་ཆ་ཞིག་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བའི་གཏམ་བཟང་གནས་ཚུལ་དེ་བོད་ནང་བོད་་མི་མང་པོས་ཤེས་ནས་གསང་གསོལ་བྱེད་མཁན་དང་གླིང་ག་གཏོང་བར་འགྲོ་བཞིན་སོགས་ནམ་རྒྱུན་དང་མ་འདྲ་བ་མང་པོ་འདུག་ཅེས་སོགས་གནས་ཚུལ་འགྲེལ་བརྗོད་གནང་སོང་།།

གླེང་སྟེགས།

XS
SM
MD
LG