སྤྱི་ཟླ་༢ པའི་ཚེས་༣ ཏེ་རེས་གཟའ་ཟླ་བའི་ཉིན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤེལ་བའི་སྙན་ཐོ་གསར་ཤོས་ཤིག་གི་ནང་། རྒྱ་ནག་གཞུང་གིས་ཁ་ཆེ་ཡུ་གུར་མི་རིགས་ཚོ་ཕྱི་རྒྱལ་དུ་འགྲུལ་བསྐྱོད་བྱ་རྒྱུར་དམ་དྲག་ནན་མོ་བྱེད་བཞིན་ཡོད་པ་དང་། ཁོང་ཚོའི་འགྲོ་སྐྱོད་རང་དབང་གི་ཐོབ་ཐང་བཙན་འཕྲོག་བྱེད་དེ་ཕྱིར་བསྐྱོད་ལམ་ཡིག་ཡར་ཞུ་བྱེད་ཁག་པོ་བཟོས་ཡོད་པ་དང་། ཡུ་གུར་བ་ཉུང་ཤས་ཤིག་རྒྱལ་ཁབ་གཞན་དུ་འགྲོ་ཐུབ་ཡོད་ན་ཡང་། ཆབ་སྲིད་ཀྱི་ཞིབ་བཤེར་དང་ལྟ་རྟོག་ནན་མོ་འོག་ལ་ཚུད་ཡོད་པ་གསལ་སྟོན་བྱས་འདུག
གཞན་ཡང་སྙན་ཐོ་དེའི་ནང་། ༢༠༡༦ ལོར་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་རྡུང་རྡེག་གཏོང་བ་ཞེས་པའི་ལས་འགུལ་སྤེལ་ནས་བཟུང་སྟེ། ཤར་ཏུ་ཀི་སི་ཐན་ནང་ཁ་ཆེ་ཡུ་གུར་བ་ཚོ་ལ་ཕྱིར་བསྐྱོད་ལག་ཁྱེར་ཕོན་ཆེན་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་བ་ཚོས་ནམ་རྒྱུན་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཁག་དང་། རིག་གཞུང་འདུ་འཛོམས། ཡང་ན་ཡུ་གུར་སྐད་ཡིག་སློབ་གྲྭ་སོགས་སུ་མཉམ་ཞུགས་བྱས་ཚེ། རྒྱ་མིའི་གཞུང་ཚབ་ཀྱིས་དེ་དག་རྒྱུ་མཚན་དུ་བཀོལ་ནས་ཡུ་གུར་མི་རིགས་ཚོ་ལ་ཐོངས་མཆན་སྤྲོད་ཀྱི་མེད་པ་རེད། གོང་ཞུས་སྙན་ཐོ་དེ་ནི་ན་ནིང་ལོིའི་སྤྱི་ཟླ་བཅུ་པ་ནས་ད་ལོའི་ཟླ་བ་གཉིས་པའི་བར། ཁ་ན་ཌ་དང་། ཧྥ་རན་སི། འཇར་མན། ནོར་ཝེ། ནེ་ཛེར་ལན་ཌི། དབྱིན་ཇི། ཏུར་ཀི ཀིར་ཀི་སི་ཐན། དེ་བཞིན་ཉི་ཧོང་བཅས་རྒྱལ་ཁབ་དགུའི་ནང་གནས་སྡོད་བྱེད་བཞིན་པའི་ཁ་ཆེ་ཡུ་གུར་བ་མི་༢༣ དང་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་བའི་སྐོར་ལ་ཞིབ་འཇུག་གནང་མཁན་གྱི་མཁས་དབང་གཉིས་བཅས་ལ་བཅར་འདྲི་ཞུས་ནས་ཉམས་ཞིབ་ཚད་ལྡན་བྱས་ནས་བཏོན་པ་ཞིག་རེད་འདུག
གླེང་སྟེགས།