༢༠༢༤།༡༢།༡༨
ཨ་རིའི་རླུང་འཕྲིན་ཁང་།
༄༅།། ཡུ་གུར་བའི་དྲག་སྤྱོད་སྒྲིག་འཛུགས་ཤིག་གི་འཐབ་མོ་ཚོས་སི་རི་ཡའི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་བྷ་ཤར་ཨལ་ཨ་ས་དའི་སྲིད་གཞུང་མགོ་རྟིང་བསློགས། ཡུ་གུར་བ་དེ་དག་གིས་སི་རི་ཡའི་འཕྲོ་ནས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་རྒོལ་རྡུང་བྱ་རྒྱུ་ཡིན་ཞེས་བསྒྲགས། ཕྱི་ཟླ་༡༢་པའི་ཚེས་༡༨་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱ་ནག་གི་རྒྱུན་བཞུགས་སྐུ་ཚབ་གཞོན་པ་གེང་ཧྲུང་(Geng Shuang)་གིས་སི་རི་ཡའི་སྲིད་གཞུང་གསར་པའི་འགོ་ཁྲིད་ཚོས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མི་ཆོག སི་རི་ཡའི་ས་ཐོག་ཏུ་ཡོད་པའི་ཡུ་གུར་བ་དྲག་སྤྱོད་པ་ཚོས་ཞིན་ཅང་གི་ཁ་ཆེ་ཚོར་རྒྱ་ནག་ལ་རྒོལ་རྡུང་བྱོས་ཞེས་ངན་སྐུལ་བྱེད་ཀྱི་འདུག སི་རི་ཡ་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལ་གནོད་པའི་ལས་འགུལ་སྤེལ་ཡུལ་ཞིག་ལ་གཏན་ནས་འགྱུར་དུ་འཇུག་མི་ཉན། སི་རི་ཡའི་འགྱུར་ལྡོག་དེ་ཛ་དྲག་ཅན་ཞིག་ཡིན་པ་དང་གང་ཅིའི་གནས་སྟངས་སྡུག་ཏུ་འགྲོ་རུ་འཇུག་མི་ཉན་ཞེས་ནན་བརྗོད་བྱས་འདུག
ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༨་ཉིན་སི་རི་ཡའི་སྲིད་གཞུང་མགོ་རྟིག་བསློགས་པའི་ཉིན་དེར་ཏུར་ཀི་སི་ཐན་ཁ་ཆེ་ཚོགས་པས་བརྙན་ཐུང་ཞིག་བཀྲམ། བརྙན་ཐུང་དེའི་ནང་དུ་ཡུ་གུར་པ་ཚོས་འཕྲུལ་མདའ་བཟུང་སྟེ་དམག་ཆས་གྱོན། གདོང་འབག་གྱོན་པའི་མི་ཞིག་གིས་ད་ལྟ་ང་ཚོས་སི་རི་ཡ་དང་དེའི་གྲོང་ཁྱེར་ཁག་ཏུ་ཨལ་ལཱའི་བསྟན་སྲུང་འཐབ་འཁྲུག་རྒྱག་གི་ཡོད། མ་འོངས་པར་ཨུ་རུ་མུ་ཆི་དང་ཨག་སུ། ཁ་ཤ་སྒར་བཅས་སུ་འཐབ་འཁྲུག་རྒྱ་བསྐྱེད་ནས་རྒྱ་ནག་པ་ལྟ་ལོག་དེ་རྣམས་མཐར་སྐྲོད་གཏོང་རྒྱུ་ཡིན། ང་ཚོས་ཧོམ་སི་དང་ཨི་ཌི་ལིབ་གྲོང་དུ་འཐབ་འཁྲུག་བརྒྱབ་མྱོང་བ་དང་ཤར་ཏུར་ཀི་སི་ཐན་གྱི་ནང་དུ་འཐབ་འཁྲུག་སློང་འཆར་ཡོད། ཨལ་ལཱའི་ཐུགས་རྗེ་ལ་བརྟེན་ནས་ང་ཚོར་སི་རི་ཡའི་ནང་དུ་རྒྱལ་ཁ་ཐོབ་པ་རེད། ཨལ་ལཱས་ང་ཚོར་རང་གི་ཕ་ཡུལ་དུ་རྒྱལ་ཁ་ཐོབ་ཐུབ་པའི་སྡོང་གྲོགས་མཛོད་ཅིག་ཅེས་གསོལ་བ་བཏབ། ཡུ་གུར་བའི་བརྙན་ཐུང་དེ་དྲྭ་ལམ་དུ་ཁྱབ་པའི་རྗེས་སུ་རྒྱ་ནག་དོགས་འདྲོག་ཆེན་པོ་ལངས།།
རྒྱ་ནག་གི་སྐུ་ཚབ་གཞོན་པ་གེང་ཧྲུང་གིས་ང་ཚོས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་མེད། སི་རི་ཡའི་མི་དམངས་ཀྱི་གདམ་ཀ་དེར་བརྩི་འཇོག་བྱེད་ཀྱི་ཡོད་ཅེས་རྒྱ་ནག་གི་སྐད་ཆ་དེ་དག་བསྐྱར་དུ་བཟློས། ཁ་སང་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་(Wang Yi)་འཇིགས་སྐུལ་རིང་ལུགས་པ་ཚོས་སི་རི་ཡར་ཟིང་ཆ་ལངས་ཡོད་པའི་གོ་སྐབས་འཛིན་གྱི་ཡོད་པར་ངོ་རྒོལ་ཡོད། རྒྱ་ནག་གིས་སི་རི་ཡའི་བདག་དབང་སྲུང་སྐྱོབ་དང་བརྟན་ལྷིང་སླར་གསོ་འབྱུང་ཐབས་སུ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་གཏམ་བཤད་བྱས་འདུག ཏུར་ཀི་སི་ཐན་ཁ་ཆེའི་ཚོགས་པ་ནི་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ནས་ལོགས་སུ་ཆད་པའི་ཚོགས་པ་ཞིག་ཡིན་ཞིང་། རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཏུ་བརྩིས། ༢༠༢༠་ལོའི་ཕྱི་ཟླ་༡༠་པའི་ནང་ཨ་མི་རི་ཀས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ཟེར་བ་ཞིག་རྙེད་ཀྱི་མི་འདུག་ཅེས་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནས་བསུབས།།
ཞིན་ཅང་གི་ཡུ་གུར་བ་དེ་རྣམས་རྒྱ་ནག་གི་བཙན་གནོན་འོག་ནས་དཀྱིལ་ཤར་ས་ཁུལ་དུ་བྲོས། འདས་པའི་ལོ་༡༣་གྱི་རིང་སི་རི་ཡར་ནང་འཁྲུག་ལངས་པའི་དུས་སུ་ཡུ་གུར་བ་ཚོ་རྒྱལ་ཁབ་དེའི་ས་ཐོག་ཏུ་གཞིས་ཚུགས། མཐར་ཡུ་གུར་བའི་འཐབ་མོ་བ་རྣམས་སི་རི་ཡའི་གྱེན་ལོག་སྒྲིག་འཛུགས་ཧ་ཡ་ཏ་ཏཱ་རིར་ཨལ་ཤམ་གྱི་ཚོགས་ཁོངས་སུ་ཞུགས། དར་འཕྲིན་ཚགས་པར་ཁང་གིས་ཡོངས་གྲགས་སུ་བཀྲམ་པའི་བརྙན་ཐུང་དེའི་ནང་དུ་མི་ཞིག་གིས་ཚོགས་པ་མང་པོས་ང་ཚོར་རུབ་བརྒྱབ་པ་རེད། ར་ཤི་ཡ་དང་ཨི་རན། ཧི་ཛི་བྷུ་ལཱ་བཅས་ལ་མཚོན་ཆ་ཡག་པོ་དང་དམག་དཔུང་སྟོབས་ཆེན་འདུག ཡིན་ནའང་འཐབ་ཐེངས་རེར་ང་ཚོ་སྐྲག་ནས་དཔའ་ཞུམ་པ་དང་ཕྱིར་ནུར་བརྒྱབ་མྱོང་མེད་པ་ཨལ་ལཱ་དཔང་པོ་ཡོད་ཅེས་དཔའ་སྟོབས་ངོམ། བརྙན་ཐུང་ཚན་པ་གཞན་ཞིག་གི་ནང་དུ་ཏུར་ཀི་སི་ཐན་ཁ་ཆེ་ཚོགས་པའི་འཐབ་མོ་བ་ཚོས་སི་རི་ཡའི་རྒྱལ་ས་ཌ་མ་སི་ཀར་ལྕགས་ཁྲབ་འཁོར་ལོའི་སྟེང་དུ་ཞིན་ཅང་གི་རྒྱལ་དར་ཕྱར།།
ཕྱི་ཟླ་༡༢་པའི་ཚེས་༦་ཉིན་ཏུར་ཀི་སི་ཐན་ཁ་ཆེ་ཚོགས་པའི་དམག་དཔུང་བཀོད་འདོམས་པ་ཨབ་ད་ཧ་ག་ཨལ་ཏུར་ཀི་སི་ཐན་བ་ཞེས་པ་ཞིག་གིས་ས་ཕྱོགས་ཀུན་ཏུ་ཁ་ཆེ་ཚོས་རྒྱལ་ཁའི་དགའ་སྟོན་བྱེད་ཀྱི་ཡོད་ཀྱང་ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེ་ཚོ་རྒྱ་ནག་གི་བཙན་གནོན་འོག་ཏུ་ཚུད་ཡོད་པ་རེད། ཁོ་ཚོས་གདུག་རྩུབ་དྲག་པོ་མྱོང་གི་ཡོད་པ་དང་དཀོན་མཆོག་གིས་སྡོང་གྲོགས་མཛད་ནས་རྒྱ་ནག་ལ་ཕམ་ཁ་སྟེར་དགོས་ཞེས་མ་འོངས་པའི་འཆར་གཞི་གསལ་བཀྲོལ་བྱུང་། ད་ལོའི་ཕྱི་ཟླ་༡༡་པ་ནས་ཡུ་གུར་བའི་འཐབ་མོ་བ་ཚོས་སི་རི་ཡའི་གཞུང་དམག་ལ་འཐབ་རྒོལ་བྱས་ནས་ཟླ་བ་འདིའི་ཕྱི་ཚེས་༡༠་དང་༡༡་གཉིས་ལ་སི་རི་ཡའི་མཚོ་ཁར་ར་ཤི་ཡའི་དམག་སྒར་ཆགས་ཡུལ་ལཱ་ཏ་ཀི་ཡ་དང་ཏར་ཏུ་སི་གྲོང་ཁྱེར་གཉིས་སྔ་རྗེས་སུ་བླངས། སི་རི་ཡའི་ནང་འཁྲུག་ཉམས་ཞིབ་པ་ཨ་ཡེ་མན་ཇཱ་ཝ་ད་ཨལ་ཏ་མི་མི་ཞེས་པ་ཞིག་གིས་ཡུ་གུར་བའི་འཐབ་མོ་བ་མང་པོ་མེད་ཀྱང་སི་རི་ཡའི་གྱེན་ལོག་པའི་སྒྲིག་འཛུགས་ཀྱི་གྲུབ་ཆ་ཆེན་པོ་དང་འཐབ་འཁྲུག་གི་ནུས་པ་ཆེན་པོ་ཐོན་འདུག་ཟེར།
ཞིན་ཅང་གི་ཡུ་གུར་བའི་སྒྲིག་འཛུགས་དེ་ལོ་རབས་༩༠་པའི་ནང་དུ་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན་གྱི་ས་ཐོག་ཏུ་བཙུགས། ཁོ་ཚོས་ཞིན་ཅང་ངམ། ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེ་ཚོ་རྒྱ་ནག་གི་དབང་བསྒྱུར་འོག་ནས་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཞེས་དམ་བཅའ་བཞག ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་པ་ལ་ཛི་ཀི་སློབ་གྲྭ་ཆེན་མོའི་མི་རྒྱུད་རིག་པ་དང་ཡུ་གུར་བའི་གནད་དོན་ཉམས་ཞིབ་པ་རུ་ནེ་སི་ཊིན་བྷག་(Rune Steenberg)་གིས་བཤད་པ་ལྟར་ན། སི་རི་ཡའི་འཐབ་འཁྲུག་དེ་གོ་ལའི་ཁྱོན་དུ་བསྟན་སྲུང་དམག་འཁྲུག་སློང་རྒྱུའི་གོམ་སྟབས་དང་པོར་ངོས་འཛིན་བྱས་ནས་ཉིན་ཞིག་ཁ་ཆེ་ཚང་མར་རང་དབང་ཐོབ། དེའི་ཁོངས་སུ་ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེ་ཚོ་ལའང་རང་དབང་ཐོབ་རྒྱུའི་རེ་ལྟོས་བཅངས། ཡུ་གུར་བའི་འཐབ་མོ་བ་ཚོས་དེང་སྐབས་ང་ཚོ་འགྲུལ་པ་ཡིན་པ་དང་དཀོན་མཆོག་གི་སྡོང་གྲོགས་མཛད་ནས་མྱུར་དུ་རང་ཁྱིམ་གྱི་བདག་པོར་འགྱུར་བར་ཤོག་ཅེས་སྨོན་འདུན་ཞུས།།
སི་རི་ཡའི་ས་ཐོག་ཏུ་དྲག་སྤྱོད་སྒྲིག་འཛུགས་སྣ་ཚོགས་ཤིག་ཚུགས་ཡོད་པར་རྒྱ་ནག་གིས་དོགས་ཟོན་བྱ་དགོས་པར་གྱུར། ༢༠༢༡་ལོར་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་གསང་བའི་མི་སྣ་ཁག་ཅིག་སི་རི་ཡའི་ཨི་ཌི་ལིབ་ས་གནས་སུ་རྟོག་ཞིབ་ཏུ་བསྐྱོད་ནས་ཏུར་ཀི་སི་ཐན་ཁ་ཆེ་ཚོགས་པ་རྩད་བཅད། ད་སྔ་ཏུར་ཀི་སི་ཐན་ཁ་ཆེ་ཚོགས་པས་རྒྱ་ནག་ལ་རྒོལ་རྡུང་བྱེད་ཀྱི་ཡིན་ཞེས་སྡིགས་ར་བསྐུལ་བ་ཙམ་ལས་དངོས་སུ་གཏོར་རྒོལ་བྱས་མྱོང་མེད་ཅིང་། ཏུར་ཀི་སི་ཐན་ཁ་ཆེ་ཚོགས་པས་རྒོལ་རྡུང་བྱས་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་སྒྲིག་འཛུགས་དེ་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་ཞིག་རེད་ཅེས་ཞིན་ཅང་གི་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་པའི་ལན་ཁག་དཀྲི་ས་ཞི་རྙེད། དཀྱིལ་ཤར་ས་ཁུལ་དུ་ཕྱིན་པའམ། ཡང་ན་འགྲོ་ཆར་ཡོད་པའི་ཡུ་གུར་བ་ཁག་ཅིག་གིས་དར་འཕྲིན་ཚགས་པར་གྱི་གསར་འགོད་པར་ང་ཚོས་ཆོས་ལུགས་ཀྱི་རྩ་དོན་དང་མ་འགལ་བར་ཁ་ཆེ་གཞན་ལ་མིག་དཔེ་བལྟས་ནས་བསྟན་སྲུང་དམག་འཁྲུག་ཇི་ལྟར་རྒྱག་དགོས་མིན་སློབ་སྦྱོང་བྱེད་འདོད་ཡོད་ཅེས་བཀྲལ།།
སི་རི་ཡའི་ནང་འཁྲུག་ཉམས་ཞིབ་པ་ཨ་ཡེ་མན་ཇཱ་ཝ་ད་ཨལ་ཏ་མི་མིས་སི་རི་ཡའི་སྲིད་གཞུང་གསར་པས་རྒྱ་ནག་ལ་འབྲེལ་བ་འཛིན་དགོས་ཚེ། རྒྱལ་ཁབ་དེའི་ས་ཐོག་ཏུ་ཡུ་གུར་བའི་འཐབ་མོ་བ་ཡོད་པ་རྣམས་དཀའ་ངལ་ཞིག་རེད། གལ་སྲིད་ཡུ་གུར་བའི་འཐབ་མོ་བ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱས་ན་སྒྲིག་འཛུགས་དེའི་རྩ་དོན་དང་རྒྱབ་འགལ་འགྲོ་ཡི་རེད། རྒྱ་ནག་གིས་ཏུར་ཀི་སི་ཐན་ཁ་ཆེ་ཚོགས་པའི་འཐབ་མོ་བ་རྣམས་རྩིས་སྤྲོད་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཤས་ཆེ། རྒྱ་ནག་གིས་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་བྱས་ཡོད་པ་རེད་ཅེས་བསྟན། རྒྱ་ནག་གིས་ཡུ་གུར་བ་ས་ཡ་༡་ལྷག་ངལ་རྩོལ་བསྒྱུར་བཀོད་བཙོན་སྒར་ཁག་ཏུ་བཅུག་པ་དང་བཙོན་སྒར་ནས་ཐར་པ་ཁག་ཅིག་ཕྱི་རྒྱལ་དུ་བསླེབས། རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་ཡུ་གུར་བ་ཕལ་ཆེ་བས་སྨྱུང་གནས་བསྲུངས་པ་དང་ཁ་འདོན་དགེ་སྦྱོར་བྱས་ནས་བཙོན་དུ་ཚུད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།