ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཨ་རིའི་གྲོས་ཚོཊ་འཐུས་མི་ཚོས་རྒྱ་ནག་ལ་སྒོ་ཁྲལ་སྤར་ཏེ་ཚོང་འབྲེལ་ཆོད་ཟེར།


༄༅།། ཨ་རིའི་གྲོས་ཚོགས་འོག་མའི་དམིགས་བསལ་ཚོགས་ཆུང་ཞིག་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་སྒོ་ཁྲལ་སྤར་དགོས། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཀྱང་འགྲོ་རུ་ཆུགས། ཐ་ན་རྒྱ་ནག་ལ་ཚོང་འབྲེལ་གཅོད་དགོས་ཀྱང་ཁྱད་པར་མེད་ཅེས་སྙན་ཐོ་བཏོན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༡༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་བསླངས། སྲིད་འཛིན་ཊམ་གྱི་སྲིད་ཇུས་དེར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་རྒྱབ་སྐྱོར་ཐོབ། གྲོས་ཚོགས་འོག་མའི་དམིགས་བསལ་ཚོགས་ཆུང་དེས་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་གང་འདྲ་ཞིག་འཛིན་དགོས་མིན་ཐད་ཟླ་བ་འགའ་ཞིག་ལ་ཞིབ་འཇུག་དང་ཉན་ཞིབ་བྱས་ནས་བསམ་གྲོས་དོན་ཚན་༡༥༠་བཏོན། ཚོགས་ཆུང་དེའི་བསམ་གྲོས་མང་ཆེ་བ་ཚོང་ལས་ལ་འབྲེལ་བ་ཡོད་པ་དང་རྒྱལ་ཡོངས་གྲོས་ཚོགས་ཀྱིས་བཅའ་ཁྲིམས་སུ་གཏན་འབེབས་བྱེད་ཐུབ་པ་ཞིག་ཡིན་འདུག

དམངས་གཙོ་ཚོགས་པའི་འཐུས་མི་ར་ཇ་ཀ་རི་ཤི་ན་མུར་ཐིས་
དམངས་གཙོ་ཚོགས་པའི་འཐུས་མི་ར་ཇ་ཀ་རི་ཤི་ན་མུར་ཐིས་

དམངས་གཙོ་ཚོགས་པའི་གནད་ཡོད་འཐུས་མི་ར་ཇ་ཀ་རི་ཤི་ན་མུར་ཐིས་སུ་ཞིག་ཡིན་རུང་ཚོང་ལས་ཀྱི་སྒྲིག་ཁྲིམས་ཁག་ལ་བརྩི་འཇོག་བྱ་དགོས། གལ་སྲིད་ཕ་རོལ་པོས་ཚོང་ལས་ཀྱི་སྒྲིག་ཁྲིམས་ཁག་ལ་བརྩི་མེད་བཏང་ན་ང་ཚོས་ཀྱང་རང་གི་ཚོང་ལས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་དགོས་ཞེས་ནན་བརྗོད་བྱས་འདུག དེ་བཞིན་སྤྱི་མཐུན་ཚོགས་པའི་འཐུས་མི་མེག་གྷ་ལ་གྷར་གྱིས་ཀྱང་ང་ཚོའི་ཐབས་ཇུས་ནི་ཚོང་ལས་དྲང་སྙོམས་ཤིག་ཡོང་ཐབས་ཡིན་མོད། ད་ལྟའི་ཐབས་ཇུས་དེ་བློ་ཡིད་ཚིམས་པ་དང་ནུས་ལྡན་ཞིག་མ་རེད། ང་ཚོས་རང་གི་ཁེ་པན་ཁག་ཅིག་བློས་གཏང་དགོས་ཀྱང་གཏོང་རྒྱུ་རེད་ཅེས་བཀྲལ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་དེས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བའི་ཁྲལ་དངུལ་རྣམས་རྒྱལ་ནང་དུ་ཐོན་སྐྱེད་བཟོ་འདོན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་འགྲོ་གྲོན་གཏོང་དགོས། རྒྱ་ནག་གིས་ལན་པ་བསློགས་ནས་ཨ་རིའི་ཞིང་པ་དང་འབྲོག་པ། ཨ་རིའི་ངལ་རྩལ་བ་ཚོར་དཀའ་ངལ་འཕྲད་སྲིད། གྲོས་ཚོགས་ཀྱིས་རྒྱལ་ནང་གི་ལས་རིགས་ཁག་ལ་འགྲོ་གྲོན་མང་དུ་བཏང་སྟེ་གྱོང་གུད་གསབ་ཐབས་བྱ་དགོས་ཞེས་ཐབས་ཇུས་བསྟན།།

སྤྱི་མཐུན་ཚོགས་པའི་འཐུས་མི་མེག་གྷ་ལ་གྷར་
སྤྱི་མཐུན་ཚོགས་པའི་འཐུས་མི་མེག་གྷ་ལ་གྷར་

ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཅ་ལག་གི་རིན་གོང་འཕར། ཅ་ལག་གི་རིན་གོང་བ་རྣམས་མི་དམངས་དངོས་ཟོག་ལོངས་སྤྱོད་བྱེད་མཁན་ཚོས་སྤྲོད་དགོས་པར་གྱུར། ཨ་རིའི་ཚོང་ལས་མཐུན་ཚོགས་ཀྱིས་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཏེ་གཏན་འཇགས་དང་རྒྱུན་ལྡན་གྱི་ཚོང་ལས་ཁེ་ཕན་བླངས། རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ལ་འགྱུར་བཅོས་གཏོང་རྒྱུའི་ཁས་ལེན་བྱས་ཀྱང་ལག་ལེན་བསྟར་མ་སོང་། ཨ་རིའི་ཚོང་དོན་བཅའ་ཁྲིམས་ལྟར་རྒྱ་ནག་ལ་གཏན་འཇགས་ཀྱི་ཚོང་འབྲེལ་བཙུགས་ཡོད་པ་གཅོད་དགོས་ཞེས་ནན་གྱིས་བསྐུལ། ཨ་རིའི་ཚོང་ལས་མཐུན་ཚོགས་ཀྱི་ཨེ་ཤི་ཡའི་འགན་འཛིན་གཞོན་པ་ཆལ་སི་ཧྥ་རི་མན་གྱིས་རྒྱ་ནག་ལ་གཏན་འཇགས་ཚོང་འབྲེལ་བཅད་ན་ཨ་རིའི་ཞིང་པ་དང་འབྲོག་པ། བཟོ་པ། དེང་སྐབས་ཡུལ་ཐང་འཕར་ཏེ་འཚོ་བའི་དཀའ་ངལ་འཕྲད་བཞིན་པའི་ཨ་རིའི་ཁྱིམ་ཚང་མང་པོར་འཚོ་བའི་དཀའ་ངལ་སྔར་ལས་ཆེ་རུ་འགྲོ་ཤས་ཆེ་ཞེས་ཉེན་བརྡ་བཏང་འདུག

གྲོས་ཚོགས་ཀྱི་སྙན་ཐོ་དེར་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་ཐོག་ཏུ་ཁ་གཏད་གཅོག་དགོས། རྒྱ་ནག་ནི་ཨ་མི་རི་ཀར་དཔལ་འབྱོར་དང་ཚོང་ལས། དམག་དོན་བཅས་ཕྱོགས་གང་ཐད་དུ་ཉེན་ཁ་ཞིག་ཡིན་པ་སྲིད་དོན་ཚོགས་པ་གཉིས་ལྟ་ཚུལ་གཅིག་ཏུ་མཐུན། ༢༠༢༢་ལོར་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ལ་མ་རྩ་བཙུགས་ནས་འཕྲུལ་རིག་སྙིང་ཆས་བཙོང་མི་ཆོག་ཅེས་བཅའ་ཁྲིམས་གཏན་ལ་ཕབ། ཡིན་ནའང་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་ནི་རྒྱ་ཆེན་པོ་དང་སྣ་མང་ཞིག་ཡིན་པ་སྟེ། ཨ་རིའི་རྒྱལ་ནང་དུ་ལོངས་སྤྱོད་བྱེད་ཀྱི་ཡོད་པའི་དངོས་ཟོག་བརྒྱ་ཆ་༡༦.༥་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་ཅིང་། སྔ་ལོ་གཅིག་པུར་ཨ་རིས་རྒྱ་ནག་ནས་ཨ་སྒོར་ཐེར་འབུམ་༥༣༦་གི་དངོས་ཟོག་ཉོས། ཨ་རིས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་༡༥༤་ཡི་དངོས་ཟོག་དང་ཨ་སྒོར་དུང་ཕྱུར་༤༡༥་ལྷག་གི་སྲི་ཞུའི་ཚོང་ལས་གཉེར། ཨ་རྒྱའི་ཚོང་ལས་དེར་དོ་ཕོག་བྱུང་ན་ཨ་རིའི་དཔལ་འབྱོར་ཉམས་ཆག་འགྲོ་སྲིད་པས་གྲོས་ཚོགས་འཐུས་མི་ཚོས་བསམ་ཞིབ་གཟབ་ནན་བྱ་དགོས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༢་པའི་ཚེས་༡༢་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་གིས་བཏོན་པའི་སྙན་ཐོ་དེར་ཤོག་གྲངས་༥༣་ཡོད་པར་མ་ཟད། འཐུས་མི་ཚོས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་དགོས་པ་དང་ཨ་མི་རི་ཀས་རྒྱ་ནག་ལ་མ་རྩ་འཛུགས་རྒྱུ་བཀག་འགོག་བྱ་དགོས། ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁུངས་ཁག་ལ་རྒྱ་ནག་ཏུ་ཚོང་ལས་ཅི་ཞིག་གཉེར་གྱི་ཡོད་པ་དང་མ་རྩ་ཅི་ཙམ་བཙུགས་ཡོད་པ་རྣམས་ཕྱིར་བསྒྲགས་བྱེད་དུ་འཇུག་དགོས། ཨ་རིའི་ཉམས་ཞིབ་དང་བཟོ་སྐྲུན་གྱི་ཚོང་ལས་ཁག་ལ་མ་རྩ་འཛུགས་རྒྱུ་ཤུགས་ཆེ་རུ་བཏང་སྟེ་སྨན་དང་གཏེར་རྫས་རྣམས་རྒྱ་ནག་ལ་བརྟེན་མི་དགོས་པར་བསྒྱུར་དགོས། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་གྱིས་པེ་ཅིང་ལ་ཉེས་ཆད་གཅོད་པའི་དཔལ་འབྱོར་དང་ཚོང་ལས་ཀྱི་སྲིད་ཇུས་ཤིག་སྔོན་ནས་གྲ་སྒྲིག་བྱ་དགོས་ཞེས་འཁོད།།

ཨ་རིའི་གྲོས་ཚོགས་ཀྱི་སྙན་ཐོ་དེར་འདས་པའི་ལོ་བཅུ་ཕྲག་མང་པོའི་སྔོན་ནས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་འབྲེལ་བཙུགས་ཚེ། རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་བཅས་ལ་འགྱུར་བཅོས་ཐེབས་ནས་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་པའི་རྩིས་བརྒྱབ་པ་རེད། རྒྱ་ནག་གིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་བཙུགས་ནས་སྟོབས་འབྱོར་རྒྱས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཚོང་ལས་དང་དཔལ་འབྱོར་ཐོག་ཏུ་རྒྱ་ནག་ལ་མ་བརྟེན་ཀ་མེད་ཞིག་ཏུ་བསྒྱུར། དཔེར་ན་པྲོག་དབྱིབས་ནད་ཡམས་དུས་སུ་རྒྱ་ནག་གི་བཟོ་གྲྭ་ཁག་ནས་དངོས་ཟོག་བཟོ་མཚམས་བཞག་སྟེ་འཛམ་གླིང་ཡོངས་ལ་དཀའ་ངལ་ཕྲད། མ་འོངས་པར་དམག་འཁྲུག་ལངས་ན་རྒྱ་ནག་གིས་དཔལ་འབྱོར་དང་ཚོང་འབྲེལ་ཐོག་ཏུ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་འགུལ་མི་ཐུབ་པ་ཞིག་ཏུ་གཏོང་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། རྒྱ་ནག་གིས་ཨ་མི་རི་ཀར་སྨན་དང་གཏེར་རྫས་སོགས་མ་བཙོངས་ན་ཨ་རིའི་དམག་དོན་ལ་ཆག་སྒོ་ཆེན་པོ་འབྱུང་སྲིད་ཅེས་བཀོད།།

ཨ་རི་དང་རྒྱ་ནག་གི་ཚོང་ལས་ཀྱི་འགལ་ཟླ་གཙོ་བོ་ནི་རྒྱ་ནག་གིས་རང་གི་བཟོ་ཚོང་ལས་ཁུངས་ཁག་ལ་རོགས་དངུལ་སྤྲད་ནས་དངོས་ཟོག་རིན་གོང་བཅག་སྟེ་ཨ་མི་རི་ཀར་བཙོངས། རྒྱ་ནག་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁུངས་ཁག་གི་རིག་དངོས་བདག་དབང་བརྐུས་པ་དང་ཕྲོགས། སྐབས་འགར་རྒྱ་ནག་ཏུ་ཚོང་ལས་གཉེར་གྱི་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་དང་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་ཚོང་ཤག་སྒྲིག་ཏུ་བཅུག ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་དེའི་རིན་ཐང་ཅན་གྱི་འཕྲུལ་རིག་ལག་རྩལ་རྣམས་ཚོང་ཤག་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་དེར་སྤྲོད་དུ་བཅུག་སྟེ་ཁེ་སང་ལེན་གྱི་ཡོད་པ་སོགས་ལས་བྱུང་། ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་གི་སྙན་ཐོ་དེར་ཨ་མི་རི་ཀ་རྒྱ་ནག་ལྟ་བུའི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་ཚུགས་ཡོད་པའི་ས་ཁམས་ཆབ་སྲིད་ཀྱི་ཁ་གཏད་པ་ཞིག་ལ་ནམ་ཡང་ཐུག་མྱོང་མེད། ད་དུང་ཡང་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ན་ང་ཚོས་རང་གི་འཐབ་ཇུས་ཀྱི་ཁ་གཏད་པ་དེར་གདོང་ལེན་ཇི་ལྟར་བྱ་དགོས་མིན་ལ་ཁ་ཕྱོགས་གསལ་པོ་ཞིག་མི་འདུག་ཅེས་བྲིས།།

ཕྱི་ཟླ་༡༢་པའི་ཚེས་༡༢་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོ་དེར་༢༠༠༡་ལོར་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་ཞུགས། དེ་ནས་བཟུང་སྟེ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཆག་ཡང་བཏང་ཡོད་པ་ཁག་ཅིག་མེད་པར་གཏོང་དགོས། རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཆག་ཡང་བཏང་ནས་ནོར་འཁྲུལ་ཆེན་པོ་བྱུང་འདུག རྒྱ་ནག་གི་དངོས་ཟོག་ལ་དབྱེ་གསེས་བྱས་ནས་དངོས་ཟོག་ཁག་ཅིག་ལ་རྒྱུན་ལྡན་གྱི་སྒོ་ཁྲལ་རྒྱག་དགོས། ཨ་མི་རི་ཀས་རྒྱ་ནག་ལ་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་ཐུབ་པའི་སྟོབས་ཤུགས་སླར་གསོ་བྱ་དགོས། རྒྱ་ནག་ཨ་མི་རི་ཀར་དཔལ་འབྱོར་དང་ཚོང་ལས་ཐོག་ཏུ་བརྟེན་དགོས་པ་ཞིག་ཏུ་གྱུར་ན་པེ་ཅིང་གིས་ཚོང་ལས་ཀྱི་སྒྲིག་ཁྲིམས་ཁག་ལ་བརྩི་འཇོག་བྱེད་ཀྱི་རེད་ཟེར། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་གཞུང་དང་གྲོས་ཚོགས་འཐུས་མི་འགས་ཚོང་ལས་ཐོག་ཏུ་རྒྱ་ནག་ལ་ཐུབ་ཚོད་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG