ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༡༦

འབྲུག་ཡུལ་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ།


a Bhutanese man looks at his phone on a foggy day at Dochula Pass.
a Bhutanese man looks at his phone on a foggy day at Dochula Pass.

༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་དྲུང་ཆེའི་ལས་རོགས་ཀ་ནི་ཝིག་ན་ར་ཇས་འཛམ་གླིང་གི་ས་གོ་ལའི་ཚ་དྲོད་རྒྱས་ཏེ་འབྲུག་ཡུལ་ལ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་འདུག འབྲུག་ཡུལ་གྱི་གངས་རི་དང་འཁྱག་རོམ་རྣམས་ཞུ་ནས་མཚེའུ་རྣམས་ལུག་ཡོང་རྒྱུའི་ཉེན་ཁ་ཆེ་ཞེས་བཏམ་བཤད་གནང་ཡོད་པའི་གནས་ཚུལ་ཐོན།

༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་དྲུང་ཆེའི་ལས་རོགས་ཀ་ནི་ཝིག་ན་ར་ཇས་འཛམ་གླིང་གི་ས་གོ་ལའི་ཚ་དྲོད་རྒྱས་ཏེ་འབྲུག་ཡུལ་ལ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་འདུག འབྲུག་ཡུལ་གྱི་གངས་རི་དང་འཁྱག་རོམ་རྣམས་ཞུ་ནས་མཚེའུ་རྣམས་ལུག་ཡོང་རྒྱུའི་ཉེན་ཁ་ཆེ་ཞེས་བཏམ་བཤད་གནང་ཡོད་པའི་གནས་ཚུལ་ཐོན། དེ་ཡང་ཕྱི་ཟླ་༩་པའི་ཚེས་༡༩་ཉིན་འབྲུག་ཡུལ་གྱི་ཀུན་གསལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་ཚོགས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་དོན་ཁང་གི་འགན་འཛིན་ཀ་ནི་ཝིག་ན་ར་ཇས་གསར་འགོད་ལྷན་ཚོགས་བསྐོངས་ནས་འབྲུག་ཡུལ་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད་པ་ནི་འབྲུག་པ་ཚོས་བྱས་པ་ཞིག་མ་རེད་ཅེས་བསྟན།།

ཁོང་གིས་འབྲུག་ཡུལ་གྱི་བློན་ཆེན་ཁག་དང་གཞུང་གི་མཐོ་རིམ་ལས་སྣེ་ཁག དེ་བཞིན་འབྲུག་ཡུལ་གྱི་ན་གཞོན་ཁེ་ལས་པ་ཚོར་ཐུག་འཕྲད་བྱས་ནས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས། མི་དམངས་ལ་ལས་ཀའི་གོ་སྐབས་བསྐྲུན་ཕྱོགས་ཐད་གཏམ་བཤད་གནང་ཞིང་། རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་རོགས་ཝིག་ན་ར་ཇས་འབྲུག་རྒྱལ་ཁབ་དང་མི་དམངས་གཉིས་ཀར་ནུས་པ་ཡོད་པ་དང་སྤྱི་ཚོགས་ལ་གོ་སྐབས་བསྐྲུན་ཐུབ་རྒྱུའི་གདེང་ཚོད་ཡོད། དེར་བརྟན་མི་དམངས་རྣམས་རང་ཡུལ་ནས་ས་གནས་གཞན་ལ་སྤོར་མི་དགོས་པའི་རེ་བ་ཡོད་ཅེས་ནན་བརྗོད་གནང་འདུག ལོ་༣༠་ཐམ་པའི་སྔོན་དུ་ཝིག་ན་ར་ཇ་འབྲུག་ཡུལ་ལ་འཚམས་འདྲིར་ཐེངས་དང་པོ་ཕེབས་ཡོད་ཅིང་། ད་རེས་ཀྱི་འཚམས་འདྲིའི་སྐབས་སུ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་རོགས་རྒྱལ་ས་ཐེམ་ཕུ་དང་སྤུ་ན་ཁ། དབང་འདུའི་ཕོ་བྲང་རྫོང་བཅས་ལ་གཟིགས་ཞིབ་ཏུ་ཕེབས། ཁོང་གིས་ནད་ཡམས་དུས་སུ་མ་རྩ་མེད་པར་གན་རྒྱ་བཞག་པ་མང་དག་ཅིག་ལ་ལམ་ལྷོངས་བྱུང་མ་སོང་ཞེས་བསྒྲགས།།

ཕྱི་ཟླ་༩་པའི་ཚེས་༡༤་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་ཆུ་ཤུགས་དང་གནམ་གཤིས་རིག་པའི་ཉམས་ཞིབ་ཁང་གི་འགན་འཛིན་ཀརྨ་སྟོབས་བཅུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྒྲིག་འཛུགས་ཀྱི་ཕེ་རི་སིའི་ལས་ཁུངས་དང་ལྡི་ལིའི་ལས་ཁུངས། ཀོ་རི་ཡའི་ཆུའི་ཐོན་ཁུངས་ལས་ཁུངས་བཅས་ཀྱི་ལས་སྣེ་ཚོ་དྲྭ་ལམ་དུ་ཚོགས་འདུ་ཚོགས་ནས་འབྲུག་ཡུལ་ལ་ཆུའི་དཀའ་ངལ་འཕྲད་སྲིད་པར་གདོང་ལེན་ཇི་ལྟར་བྱ་དགོས་མིན་དང་ཆུའི་ཐོན་ཁུངས་ལ་བདག་སྐྱོང་བྱ་རྒྱུ་ཡག་ཏུ་གཏོང་དགོས་པའི་ཟབ་སྦྱོང་ཚོགས། ཟབ་སྦྱོང་དེའི་དམིགས་ཡུལ་ནི་འབྲུལ་ཡུལ་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་བཞིན་པའི་སྐབས་འདིར་ཆུའི་ཐོན་ཁུངས་འདང་ངེས་མེད་པར་འགྱུར་སྲིད་པས་ཆུ་བསྲི་ཚགས་ཀྱི་གོ་རྟོགས་སྤེལ་རྒྱུ། འབྲུག་ཡུལ་གྱི་ཆུའི་སྤུས་ཚད་ལ་བརྟག་དཔྱད་དང་ཆུ་བསྲི་ཚགས་ཀྱི་འཕྲུལ་ཆས་འཛུགས་རྒྱུ། འབྲུག་ཡུལ་གྱི་གྲོང་ཁྱེར་ཁག་གིས་གནམ་གཤིས་འགྱུར་ལྡོག་ལ་བསྟུན་ནས་ཆུ་བཀོལ་སྤྱོད་ཀྱི་གོམས་གཤིས་གསར་པ་ཞིག་འཇགས་དགོས་པར་མ་ཟད། ༢༠༡༦་ལོར་འབྲུག་གཞུང་གིས་གཏན་ལ་ཕབ་པའི་ཆུའི་ཐོན་ཁུངས་བདག་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་དགོས་པའི་འཆར་གཞི་བཀོད་པ་རྣམས་ལག་ལེན་བསྟར་རྒྱུའི་ལས་གཞི་ཞིག་གཉེར་རྒྱུ་ཡིན་འདུག

ད་ལོའི་ཕྱི་ཟླ་༦་པའི་ཚེས་༢༣་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་སའོ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་པའི་དབང་གིས་འབྲུག་ཡུལ་ལ་ཐན་པ་བྱུང་བ་དང་ཆུ་ལོག་བརྒྱུགས། ཞིང་པའི་སྟོན་ཐོག་རྣམས་སྐམ་པ་དང་ཆུ་ལོག་གིས་བསྣུབས། འབྲུག་ཡུལ་ནི་ཧི་མ་ལ་ཡའི་གངས་རིའི་འདབས་སུ་ཆགས་ཡོད་པ་དང་བྱང་ཕྱོགས་སུ་རྫ་མགོ་ཁ་བས་གཡོགས་པའི་གངས་རིས་བསྐོར། ལྷོ་ཕྱོགས་ཀྱི་རོང་ས་རྣམས་ཤིང་ནགས་ཀྱིས་ཁེབས། འབྲུག་ཡུལ་གྱི་ས་ཁྱོན་གསུམ་ཆའི་གཉིས་ལྷག་ནགས་ཚལ་ཡིན་པ་དང་ཁོར་ཡུག་སྲུང་སྐྱོབ་ནི་འབྲུག་ཡུལ་གྱི་འཛུགས་སྐྲུན་ལས་གཞིའི་ཁོངས་སུ་ཀ་བ་ལྟར་གཙིགས་སུ་འཛིན་གྱི་ཡོད་མོད། འོན་ཀྱང་གནམ་གཤིས་འགྱུར་ལྡོག་གིས་འཁྱག་རོམ་རྣམས་ཞུ་ཡི་ཡོད་པ་དང་ཆར་ཞོད་ཀྱི་ནམ་ཟླར་ངེས་བརྟན་མེད་པ། ཐན་པ་དང་ཆུ་ལོག་གིས་ཞིང་ལས་དང་ཤིང་ནགས་གཉིས་ཀ་སྐམ་དུ་འཇུག་རྒྱུའི་ཉེན་ཁ་ཆེ། དེ་བཞིན་འགྲོ་བ་མི་དང་རི་དྭགས་སེམས་ཅན་རྣམས་ཀྱི་འབྲེལ་ཐག་ཉེ་རུ་སོང་། སྟག་དང་གླང་ཆེན་རྣམས་གྲོང་གསེབ་ཁག་ཏུ་སླེབས་པ་དང་ཞིང་ས་ཁག་ལ་རྡོག་བརྫིས། རྒྱལ་ཡོངས་སྤྱི་གླིང་ཁག་ཏུ་རྔོན་པ་རྒྱག་གི་ཡོད་པ་དེ་དག་གིས་ཤིང་ནགས་སྲུང་སྐྱོབ་ལས་སྣེ་ཚོ་དང་ཞིང་པ་ཚོར་དཀའ་ངལ་སྤྲད་ནས་འགལ་ཟླ་ཆེ་རུ་སོང་།།

རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་ལྟེ་གནས་ཁང་གིས་འབྲུག་ཡུལ་གྱི་ནགས་ཚལ་དང་རི་སྐྱེས་སེམས་ཅན་རྣམས་སྲུང་སྐྱོབ། དེའི་ཞོར་དུ་འབྲུག་ཡུལ་གྱི་གྲོང་གསེབ་ཁག་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་བཅངས་ཏེ་ཆུའི་ཐོན་ཁུངས་ལ་བདག་སྐྱོང་བྱས་ནས་མི་དང་སེམས་ཅན་གྱི་འགལ་ཟླ་སེལ་ཐབས། ད་དུང་གྲོང་གསེབ་པ་ཚོར་ཚོང་ལས་འཛུགས་སྐྲུན་བྱས་ནས་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་སྟེ། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་ལྟེ་གནས་ཁང་གིས་འབྲུག་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ། འབྲུག་ཡུལ་གྱི་ལྷོ་ནུབ་ས་ཁུལ་ཁག་གཏན་དུ་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་འབྲུག་གཞུང་ལ་བཅའ་ཁྲིམས་གཏན་འབེབས་བྱེད་དུ་འཇུག་རྒྱུ། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་ལྟེ་གནས་ཁང་དང་འཇར་མན་ཎིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་། འབྲུག་ཡུལ་གྱི་རི་སྐྱེས་སེམས་སྲུང་སྐྱོབ་ཚོགས་པ། ཏ་ར་ཡ་ན་ཐེབས་རྩ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་ཏུ་ལས་གཞི་དེར་ཨ་སྒོར་ས་ཡ་༩་དང་འབུམ་༤་ཡས་མས་ཤིག་གི་འགྲོ་གྲོན་གཏང་རྒྱུའི་ཐག་གཅོད་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG