ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཐེ་ཝན་གྱིས་རྒྱ་ནག་ལ་དྲག་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་ཅེས་གསུངས།
གཟའ་ལྷག་པ། ༢༠༢༥/༠༣/༠༥

ཐེ་ཝན་གྱིས་རྒྱ་ནག་ལ་དྲག་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་ཅེས་གསུངས།


ཐེ་ཝན་གྱིས་རྒྱ་ནག་ལ་དྲག་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་ཅེས་གསུངས།
ཐེ་ཝན་གྱིས་རྒྱ་ནག་ལ་དྲག་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་ཅེས་གསུངས།

ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་ནས་གཟའ་ལྷག་པའི་ཉིན་མོ་དམིགས་གསལ་གྱི་གསལ་བསྒྲགས་ཤིག་སྤེལ་ཏེ་དེང་སྐབས་རྒྱ་ནག་གིས་ཐེ་ཝན་གྱི་མཚོ་མཁའི་ཐོག་ལ་མཚོ་དམག་གི་གྲུ་གཟེངས་ཁྱོན་ཆེ་འགྲེམས་འཛུགས་དང་།དྲག་པོའི་སྡིག་སྐུལ་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ནི་ཐེ་ཝན་མཚོ་ཁུག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་བས་ཛ་དྲག་ཏུ་གཏོང་རྒྱུ་མ་ཟད་འདི་ཁུལ་གྱི་རྒྱལ་སྤྱིའི་མཚོ་ཐོག་གི་བསྐྱེལ་འདྲེན་ཁག་རྒྱུན་ལྡན་བཞིན་བྱེད་ཐུབ་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད་པས་རྒྱ་ནག་པེ་ཅིང་གཞུང་ནས་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་ཀྱི་རེད་ཅེས་བཀོད་ཡོད་པ་རེད།

ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་ནས་རང་གི་དྲ་རྒྱའི་ཐོག་ལ་འགྲེམས་སྤེལ་བྱས་པའི་གསར་འགོད་གསལ་བསྒྲགས་འདིའི་ནང་ཐེ་ཝན་མཚོ་གླིང་ཁུལ་དུ་ཞི་བདེ་བརྟན་ལྷིང་རྒྱུན་གནས་དགོས་རྒྱུ་དེ་ནི་རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་ཀྱིས་ངོས་འཛིན་གནང་བའི་གནད་དོན་ཞིག་ཡིན་པ་དང་ཐེ་ཝན་མཚོ་གླིང་དང་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་སྤྱི་ཡོངས་ཀྱི་གནས་སྟངས་ལ་རྒྱལ་སྤྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐབས་དེར་རྒྱ་ནག་གིས་ཤར་ཨེ་ཤི་ཡའི་མཚོ་ཐོག་གི་བརྒྱུད་ལམ་དང་པོ་ཞེས་འབོད་པའི་ཐེ་ཝན་དང་ཉི་ཧོང་།ཕཱེ་ལོ་ཕིང་། ཧིན་ཏུ་ནི་ཤི་ཡ་བཅས་ཀྱི་ས་སྦྲེལ་མཚོ་ཐོག་ཁུལ་དུ་དམག་དོན་གྱི་བྱ་སྤྱོད་ཤུགས་ཆེ་རུ་གཏོང་གི་ཡོད་པས་འདི་ཁུལ་གྱི་རྒྱལ་ཁབ་ཁག་ལ་བློ་འཚབ་ཡོང་བཞིན་པ་དང་།རྒྱ་ནག་ནི་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ཞིག་རེད་ཅེས་བཀོད་ཡོད།

ཐེ་ཝན་གཞུང་ནས་གསར་འགོད་གསལ་བསྒྲགས་དེའི་ཐོག་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ཁག་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིའི་ནང་དུ་རྒྱལ་ཁབ་སུ་རུང་ཞིག་གིས་རྒྱལ་ཁབ་གཞན་ལ་དམག་གི་སྡིག་སྐུལ་དང་གཞན་གྱི་ས་ཆའི་བདག་དབང་ལ་བཙན་འཛུལ་མི་ཆོག་ཅེས་གསལ་པོ་འཁོད་ཡོད་པ་དེ་ཚོར་རྩིས་མེད་བྱེད་ཀྱི་ཡོད་པ་གསལ་སྟོན་དང་།རྒྱ་ནག་ནས་རང་ཉིད་སྟོབས་ཆེན་གྱི་རྒྱལ་ཁབ་ཤིག་ཡིན་པ་བརྗོད་བཞིན་དུ་རྒྱལ་ཚོགས་ཀྱི་སྒྲིག་གཞིར་འགན་འཁུར་དགོས་ཅེས་བརྗོད་ཡོད་ཅིང་། དེ་དང་དུས་མཚུངས་ཐེ་ཝན་ནས་རྒྱལ་ཚོགས་ཀྱི་སྒྲིག་གཞི་ཁག་ལ་རྩིས་བཀུར་ཡོངས་སུ་ཞུ་རྒྱུའི་ཐོག་རང་གི་བདག་དབང་སྲུང་སྐྱོབ་ཆེད་དུ་རྒྱ་ནག་གི་དམག་གི་སྡིག་སྐུལ་ལ་གདོང་ལེན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།

གཟའ་ལྷག་པའི་ཉིན་མོ་ཐེ་ཝན་གྱི་སྲིད་འཛིན་ལྷན་ཁང་གི་མགྲིན་ཚབ་པས་ཀྱང་ད་ལྟའི་རྒྱ་ནག་གི་བྱ་སྤྱོད་ཁག་ནི་ཐེ་ཝན་གཅིག་པུ་མ་ཡིན་པར་ཤར་ཨེ་ཤི་ཡའི་མཚོ་ལམ་དང་པོ་ཞེས་འབོད་པའི་ཐེ་ཝན་དང་ཉི་ཧོང་།ཕཱེ་ལོ་ཕིང་། ཧིན་ཏུ་ནི་ཤི་ཡ་བཅས་ཀྱི་ས་སྦྲེལ་མཚོ་ཐོག་ཁུལ་ཡོངས་དང་།རྒྱ་གར་རྒྱ་མཚོ། ཞི་བདེ་རྒྱ་མཚོའི་ཁུལ་བཅས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་པས་བྱ་སྤྱོད་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ་དང་།

ཐེ་ཝན་གྱི་གཞུང་འཛིན་མི་སྣའི་ཕྱིའི་རྒྱལ་ཁབ་ཁག་ལ་གཟིགས་སྐོར་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས་རྒྱ་ནག་གཞུང་ནས་དེར་ཁ་གཡར་ཏེ་དམག་གི་བྱ་སྤྱོད་ཤུགས་ཆེ་རུ་གཏོང་བ་ནི་རྒྱུ་མཚན་ལྡན་པ་ཞིག་མིན་པ་དང་།

རྒྱ་ནག་གི་དམག་གི་སྡིག་སྐུལ་ཁག་ལ་ཐེ་ཝན་ནས་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་དང་སྲིད་འཛིན་ལེའེ་ཆིན་ཏེ་དང་རྒྱལ་སྲུང་ལྷན་ཁང་ནས་ད་ལྟའི་གནས་སྟངས་ལ་དོགས་ཟོན་ཆེན་པོས་གདོང་ལེན་གྱི་གྲ་སྒྲིག་ཁག་བྱེད་བཞིན་ཡོད་པས་ཐེ་ཝན་གྱི་མང་ཚོགས་ལ་སེམས་འཚབ་དང་འཇིགས་སྣང་དགོས་དོན་མེད་པའི་བརྡ་ཁྱབ་ཟིན་པ་སོགས་གསར་འགྱུར་ཁག་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

ཉེ་ཆར་ཐེ་ཝན་གྱི་སྲིད་འཛིན་ལེ་ཆིན་ཏེ་ཡིས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རིའི་མངའ་ཁོངས་ས་ཁུལ་གཉིས་དང་།མཱ་ཤོའོ་ Marshall དང་ཁྲུ་ཝེ་ལཱོ་ Tuvalu དང་ ཕཱེ་ལཱོའོ་ Palauསོགས་མཚོ་གླིང་རྒྱལ་ཁབ་གསུམ་ནང་དུ་གཞུང་འབྲེལ་གྱི་མཚམས་གཟིགས་སུ་ཕེབས་ཡོད་པས་རྒྱ་ནག་གཞུང་གིས་རྒྱུན་དུ་ཐེ་ཝན་གྱི་གཞུང་འཛིན་མི་སྣ་ཚོའི་ཕྱིའི་རྒྱལ་ཁབ་ཁག་ནང་གི་གཟིགས་སྐོར་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་བཞིན་དུ་སྐྱོན་བརྗོད་ཀྱི་རྣམ་པ་བསྟོན་ཆེད་དུ་དམག་སྦྱོང་སོགས་དྲག་པོའི་སྡིག་སྐུལ་ཁག་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པ་དང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཐེ་ཝན་མཚོ་ཁུག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་བཟོ་མཁན་གཙོ་བོ་ནི་ཐེ་ཝན་གྱི་ཁ་འབྲལ་རིང་ལུགས་དང་ཕྱིའི་རྒྱབ་སྐྱོར་བ་ཚོ་ཡིན་པ་དང་།རྒྱ་ནག་ནས་མེས་རྒྱལ་གོང་བུ་གཅིག་འགྱུར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་ཀྱི་རེད་ཅེས་བརྗོད་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG