ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༢/༢༡

འཕྲུལ་རྟའི་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་ལ་རྒྱ་གར་བའི་རྒྱབ་སྐྱོར།


༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་འཕྲུལ་རྟའི་བོད་དོན་སྐོར་སྐྱོད་ཀྱི་དྲིལ་བསྒྲགས་ལས་འགུལ་ཞིག་སྤེལ་གྱི་ཡོད་པར་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ཁག་གི་རྒྱ་གར་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་འཐོབ་བཞིན་ཡོད་ཅིང་། དེ་ཡང་བོད་པ་གཞོན་སྐྱེས་ཚོར་བོད་དོན་གྱི་སེམས་སྐུལ་ཐེབས་རྒྱུ་དང་རྒྱ་གར་གཞུང་དམངས་གཉིས་ལ་༢༠༢༢་ལོའི་དགུན་དུས་གྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་པེ་ཅིང་ལ་འཚོགས་ཀྱི་ཡོད་པར་རྒྱ་གར་མཉམ་ཞུགས་མ་གནང་རོགས་ཞེས་རྩ་དོན་གཉིས་ཀྱི་ཐོག་ཏུ་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་༡༢་པའི་ཕྱི་ཚེས་༡༠་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེང་ལོར་གྲོང་ཁྱེར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བར་དུ་ཟླ་བ་གཅིག་ལ་འཕྲུལ་རྟ་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།།

ཁ་སང་ཕྱི་ཚེས་༢༦་ཉིན་ལས་འགུལ་བ་རྣམས་གུ་ཇ་ར་ཏ་མངའ་སྡེའི་ཨཱ་མེ་དྷ་བྷ་ཏ་གྲོང་ཁྱེར་དུ་འབྱོར། ཁོ་ཚོས་གྲོང་ཁྱེར་དེར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་གར་གཞུང་གིས་རང་གི་རྩེད་འགྲན་པ་རྣམས་རྒྱ་ནག་ལ་འཚོགས་ཀྱི་ཡོད་པའི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་ཕྱི་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུས། ལས་འགུལ་སྣེ་ཁྲིད་པ་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་གྱིས་གསར་གསར་འགོད་པ་༧༠་ཡས་མས་ཤིག་ལ་འབྲེལ་བ་བྱས་ནས་རྒྱ་གར་གྱི་གསར་འགོད་པ་ཚོས་བོད་དོན་ལས་འགུལ་ལ་དོ་སྣང་ཆེན་པོ་བྱུང་འདུག

དེ་རིང་ཕྱི་ཚེས་༢༧་བར་དུ་བོད་པའི་ན་གཞོན་ལས་འགུལ་བ་ཚོས་ཉིན་༡༨་ལ་རྒྱ་གར་ལྷོ་ཕྱོགས་དང་ནུབ་ཕྱོགས་ཀྱི་མངའ་སྡེ་ཁག་ཏུ་ཆགས་པའི་བོད་པའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག དེ་བཞིན་སུད་ཚོང་བ་ཁ་བཀྲམ་ཡོད་པའི་ས་གནས་ཁག་༢༠་ལྷག་འགྲིམས་པར་ས་གནས་དེ་དག་གི་བོད་པ་ཚོས་སྣེ་ལེན་དང་རྒྱབ་སྐྱོར་ཆེན་པོ་གནང་བར་ལས་འགུལ་བ་ཚོ་སེམས་ཤུགས་འཕེལ། འཕྲུལ་རྟའི་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་ལས་འགུལ་བ་རྣམས་ཀར་ན་ཊ་ཀ་དང་ཧ་མ་ར་ཤ་ཏྲ། གྷོ་ཨ་དང་གུ་ཇ་ར་ཏ་བཅས་ལ་སྐོར་སྐྱོད་ལེགས་གྲུབ་ཀྱིས་རིམ་བཞིན་ར་ཇ་སི་ཐན་དང་ཨུ་ཏར་པར་དྷེ་ཤི་སོགས་མངའ་སྡེ་ལྷག་མ་༦་ལ་བསྐྱོད་རྒྱུ་དང་ཟླ་བ་རྗེས་མའི་ཕྱི་ཚེས་༡༠་ཉིན་རྒྱལ་ས་ལྡི་ལིར་འབྱོར་རྩིས་ཡོད་པར་མ་ཟད། ཐེངས་འདིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཕྲུལ་རྟའི་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་ལས་འགུལ་ལ་ས་གནས་ཁག་༦་གི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༡༤་མཉམ་ཞུགས་བྱེད་འདུག་པའི་སྐོར། ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG