༄༅།། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེར་རིག་གཞུང་དང་ཆོས་ལུགས་ཀྱི་གནས་ཆེན་ཐུན་མོང་མ་ཡིན་པ་ཇི་སྙེད་ཅིག་ཡོད་པ་སྟེ། རྒྱ་གར་བ་ཚོས་ཏྲི་ལོག་ན་ཐ་ལྷ་ཁང་ཞེས་པ་དང་བོད་པ་ཚོས་གར་ཞ་འཕགས་པ་ཞེས་འབོད་པ་ནི་ཧིན་རྡུ་ཆོས་ལུགས་དང་ནང་པའི་ཆོས་ལུགས་གཉིས་ཀྱི་ཐུན་མོང་གི་གནས་ཆེན་ཞིག་ཡིན་ཞིང་། བཙུན་པ་ཞེས་པའི་གསར་འགོད་པ་ཞིག་གིས་ཆོས་རིག་གི་གནས་ཆེན་ཁག་ཅེས་པའི་དུས་དེབ་ཏུ་རྩོམ་ཡིག་ཅིག་བྲིས་ཡོད་པ་དེར་འཁོད་པ་ལྟར་ན། གར་ཞ་འཕགས་པའི་རྡོ་སྐུ་ནི་ཧིན་རྡུ་ཆོས་དད་པ་ཚོས་དུས་རབས་མང་པོར་ལྷ་དབང་ཕྱུག་གི་སྐུ་འདྲ་ཡིན་ཞེས་ཕྱག་མཆོད་བྱེད་ཀྱི་ཡོད་པ་དང་ནང་པ་ཚོས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དྲ་ཡིན་ཞེས་ལོ་བརྒྱ་ཕྲག་མང་པོའི་རིང་ཕྱག་མཆོད་བྱེད་པའི་སྲོལ་ཞིག་དར་འདུག གར་ཞ་འཕགས་པའི་ལྷ་ཁང་ནང་ལོགས་ཀྱི་སྒོ་འགྲམ་གཡས་གཡོན་གཉིས་སུ་རྡོ་ཀ་གཉིས་རེ་བཙུགས་ཡོད་པས་སྐྱེ་བོ་གང་ཞིག་གིས་རང་ཉིད་སྡིག་ཅན་ཡིན་མིན་ཤེས་འདོད་ཡོད་ཚེ། རྡོ་ཀ་དེ་དག་གི་བར་དུ་འཛུལ་དགོས་པ་དང་སྡིག་ཅན་ཞིག་ཇི་ལྟར་སྐམ་ཡང་རྡོ་ཀའི་བར་ནས་ཐར་དཀའ། དགེ་སེམས་ཅན་ཞིག་ཇི་ལྟར་རྒྱགས་ཀྱང་རྡོ་ཀ་དེ་དག་གི་བར་དུ་འགག་ཐོགས་མེད་པར་ཐར་ཏེ་དགེ་སྡིག་དབྱེ་འབྱེད་ཀྱི་སྲོལ་རྒྱུན་ཞིག་ཚུགས་འདུག་ཅེས་གནས་ཚུལ་སྤེལ་འདུག
ཏྲི་ལོག་ན་ཐ་ལྷ་ཁང་ངམ། ཡང་ན་གར་ཞ་འཕགས་པའི་ལྷ་ཁང་ནི་ཆེ་ནབ་ཆུ་བོའི་ལྷོ་ཕྱོགས་ཀྱི་གཡོན་ངོས་སུ་སྤྱི་ལེ་དྲུག་གི་མཚམས་ཀྱི་གྲོང་གསེབ་ཅིག་ཏུ་ཆགས་ཡོད་པ་དང་ཨུ་དྷེ་པུར་གྲོང་ཚོ་ནས་རྒྱང་ཐག་སྤྱི་ལེ་༩་ཡོད་པར་མ་ཟད། དཀར་རྩི་བྱུགས་པའི་ལྷ་ཁང་དེ་གྲོང་གསེབ་ཅིག་གི་མཐའ་འདེབས་སུ་བྲག་གཡང་ཞིག་ཏུ་ཆགས་ཡོད་པ་དང་ས་གནས་དེ་རྒྱ་མཚོ་ནས་མཐོ་ཚད་སྤྱི་ཁྲུ་༩༠༥༥་ལྷག་གི་ཡན་ཆད་དུ་འདུག གར་ཞ་དང་སྤྱི་ཏེའི་རྫོང་གི་གནས་ཆེན་ཁག་དགུན་གྱི་ཟླ་ཤས་རིང་སྒོ་རྒྱག་གི་ཡོད་ཀྱང་གར་ཞ་འཕགས་པའི་ལྷ་ཁང་ནི་ལོ་འཁོར་མོ་ཡུག་ལ་སྒོ་ཕྱེ་ཡོད་པས་རྒྱ་གར་གྱི་ཧིན་རྡུ་ཆོས་དད་པ་དང་ནང་པ། འཛམ་གླིང་ཡུལ་གྲུ་ཀུན་གྱི་གནས་སྐོར་བ་རྣམས་ཏྲི་ལོག་ན་ཐ་ལྷ་ཁང་སྟེ། གར་ཞ་འཕགས་པ་མཇལ་དུ་རྒྱུན་ཆད་མེད་པར་ཡོང་གི་ཡོད་པའི་གནས་ཚུལ་ཐོན། དེང་སྐབས་རྒྱ་གར་གྱི་ཧིན་རྡུ་ཆོས་དད་པ་དང་བོད་པ། རྒྱ་བལ་འབྲུག་གསུམ་དང་འཛམ་གླིང་ཡུལ་གྲུ་ཁག་གི་གནས་སྐོར་བ་རྣམས་གར་ཞ་འཕགས་པ་མཇལ་དུ་འགྲོ་བཞིན་པའི་འདྲ་པར་དང་བརྙན་མཐོང་། གནས་བཤད་དང་གནས་སྐོར་གྱི་ཟིན་བྲིས་སོགས་དྲྭ་ལམ་དུ་སྤེལ་རྒྱུ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག
༢༠༡༣་ལོའི་ཕྱི་ཟླ་༡༡་པའི་ཚེས་༡༣་ཉིན་ཨེ་ཝྭ་ལི་ཞེས་པ་ཞིག་གིས་གར་ཞ་མཁའ་འགྲོའི་གླིང་ཞེས་དབྱིན་ཡིག་གི་དཔྱད་རྩོམ་ཞིག་བྲིས་ཡོད་པ་དེར་འཁོད་པ་ལྟར་ན། གར་ཞའི་ཡུལ་དུ་འབྲུག་པ་བཀའ་བརྒྱུད་པའི་ཆོས་རྒྱུད་ཤུགས་ཆེ་བ་དར་ཡོད་པ་དང་བོད་ཀྱི་རྣལ་འབྱོར་བ་དང་བྱ་བྲལ་བ། གྲུབ་ཐོབ་སོགས་སྐྱེས་བུ་དམ་པ་གྲངས་ཀྱིས་མི་ལངས་པ་ཞིག་གིས་གར་ཞ་མཁའ་འགྲོའི་གླིང་དུ་སྒྲུབ་པ་ཉམས་ལེན་ལ་གཞོལ་ནས་ཉམས་རྟོགས་འཕེལ། གྲུབ་ཐོབ་དེ་དག་གིས་རྫུ་འཕྲུལ་སྟོན་ཐུབ་པ་དང་བར་སྣང་དུ་འཕགས་ཐུབ་པ། ནད་པ་རྣམས་བཅོས་ཐུབ་པ་དང་གངས་ཆར་འབེབས་ཐུབ་པ། ཁོང་ཚོས་གཞན་གྱི་སྡུག་བསྔལ་རྣམས་རང་སྟེང་དུ་ལེན་ཐུབ་པ་དང་ཤི་བའི་དུས་སུ་ཐུགས་དམ་ལ་བཞུགས་ཏེ་ཡུན་རིང་ཕུང་པོ་མི་རུལ་བ་སོགས་ངོ་མཚར་ཆེ་བའི་རྟགས་ཁྱད་པར་ཅན་རྣམས་ཐོན་མྱོང་ཡོད་པའི་ལོ་རྒྱུས་མང་དག་ཅིག་གོ་ཐོས་བྱུང་སོང་། ནང་གི་ཉམས་རྟོགས་ནི་གཞན་ལ་འགྲེལ་དཀའ་བ་དང་ཕ་རོལ་པོས་ཡིད་ཆེས་བྱེད་དཀའ་བ་ཞིག་ཡིན་རུང་དོན་དམ་དུ་འབྱུང་གི་ཡོད་པ་ཞིག་རེད། ཤཀྱཱ་ཤྲི་ནི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་ཞིང་། ཁོང་གིས་གར་ཞ་མཁའ་འགྲོའི་གླིང་དུ་སྒྲུབ་པ་ཉམས་ལེན་དང་ས་གནས་དེའི་མི་དམངས་ལ་བླ་སློབ་ཀྱི་འབྲེལ་བ་བཙུགས་ནས་མཛད་པ་ཟམ་མ་ཆད་པར་བསྐྱངས་པའི་ལོ་རྒྱུས་གོ་རྒྱུ་འདུག་ཅེས་བྲིས།།
༢༠༢༢་ལོའི་ཕྱི་ཟླ་༥་པའི་ཚེས་༣་ཉིན་སི་ཊེ་ཊི་སི་མན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གངས་ཏེ་སེ་དང་མ་ཕམ་གཡུ་མཚོ་གཉིས་ཀྱི་འཕྲོ་ནས་གར་ཞ་འཕགས་པ་ནི་རྒྱ་གར་གྱི་ཧིན་རྡུ་ཆོས་དད་པ་དང་ནང་པ་ཐུན་མོང་གི་གནས་མཆོག་ཨང་གསུམ་པ་དེ་རེད། ང་ཚོས་ལྷ་ཁང་དེའི་བཟོ་བཀོད་ཀྱི་ཁྱད་ཆོས་ལ་བལྟས་ན་བཟོ་བཀོད་དེས་ཧི་མ་ཅལ་མངའ་སྡེར་རྫོང་ཁག་༡༢་ཡོད་པ་དེ་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་མཚོན་ཐུབ། གར་ཞ་འཕགས་པའི་ལྷ་ཁང་ནི་དུས་རབས་༩་པའི་མཇུག་དང་དུས་རབས་༡༠་པའི་མགོ་སྟོད་དུ་བཞེངས་ཤིང་། ༢༠༠༢་ལོར་ལྷ་ཁང་དེའི་ས་འོག་ནས་རྙེད་པའི་རྡོ་བསྐོས་ཡིག་རྙིང་ནང་དུ་ལྷ་ཁང་དེར་ལོ་བརྒྱ་ཕྲག་འགའ་ཞིག་གི་ལོ་རྒྱུས་ཡོད་པ་ཁུངས་སྐྱེལ་ཐུབ་པར་མ་ཟད། ཉམས་ཞིབ་པ་ཚོས་གར་ཞ་འཕགས་པའི་ལྷ་ཁང་གི་བཟོ་བཀོད་ལ་ཁ་ཆེའི་ཡུལ་གྱི་བཟོ་བཀོད་ཀྱི་ཤན་ཞུགས། ལྷ་ཁང་གི་རྡོ་བསྐོས་ནང་དུ་གར་ཞ་འཕགས་པའི་ལྷ་ཁང་ནི་ཌེ་ཝན་ཇ་རཱ་ར་ན་ཞེས་པ་ཞིག་གིས་བཞེངས་ཞེས་བཀོད། ར་ནའི་མི་རྒྱུད་ནི་ད་ལྟའི་ཏྲི་ལོག་ན་ཐ་གྲོང་གསེབ་ཀྱི་ར་ན་དང་ཐ་ཀུར་དཔོན་ཚང་ལ་ཐུག་ཡོད་པར་བཞེད། ཆམ་བྷའི་རྒྱལ་པོ་ཤ་ཡེལ་ཝར་མན་གྱིས་ཀྱང་གར་ཞ་འཕགས་པའི་ལྷ་ཁང་བཞེངས་གྲོགས་མཛད་པའི་ངག་རྒྱུན་ཞིག་ཁྱབ། རྣལ་འབྱོར་བ་ཆེན་པོ་ཅར་པ་ན་ཐ་ཞེས་བྱ་བ་ནི་འཕགས་པ་སྤྱན་རས་གཟིགས་ལ་དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་ཡིན་པས་གར་ཞ་འཕགས་པའི་ལྷ་ཁང་བཞེང་བར་ལེགས་སྐྱེས་གང་ལེགས་ཕུལ་ཡོད་པ་རེད་ཅེས་གནས་ཚུལ་བཀོད་འདུག གར་ཞ་འཕགས་པའི་བྱུང་རབས་ལ་བཤད་ཚུལ་སྣ་ཚོགས་ཤིག་ཡོད་རྣམས་ཟུར་དུ་དྲྭ་ལམ་དུ་རྙེད་པས་ལོགས་སུ་གཟིགས་པར་འཚལ་ལོ།།