ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ།


༄༅།། དེ་རིང་ཕྱི་ཟླ་༥་པའི་ཚེས་༡༧་ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་དགུང་གྲངས་དྲུག་གི་སྟེང་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་༢༧་འཁོར་ཡོད་ཅིང་། བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་དང་ས་གནས་བཅས་བུད་མེད་ལྷན་ཚོགས་ཀྱི་ཚོགས་པ་༥༨་ཀྱིས་ས་གནས་ཁག་ཏུ་༥༠་ལྷག་ཏུ་རྒྱ་ནག་གཞུང་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མས་ད་རེས་ཡོངས་ཁྱབ་ཀྱི་ལས་འགུལ་འདི་སྤེལ་དགོས་དོན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་གྲོས་ཚོགས་ཁག་གི་འཐུས་མི་རྣམས། རྒྱལ་སྤྱིའི་དབུ་ཁྲིད་ཚོ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ལ་བོད་རྒྱའི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་གཞུང་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ། ༧གོང་ས་མཆོག་གི་སྐུ་ཚབ་ཚོར་གྲོས་མོལ་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་དང་ཡབ་ཡུམ་སྐུ་འཁོར་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བའི་ཆེད་དུ་ཡིན་ཞེས་བཀྲལ།།

ད་ཐེངས་ཀྱི་ཟས་བཅད་ངོ་རྒོལ་ལ་ཞུགས་པའི་ཧིན་བོད་དོན་འབྲེལ་མཐུད་ཚོགས་པའི་གཙོ་ཨ་ཇཱེ་སིང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་གང་དུ་ཡོད་མེད་རྒྱ་ནག་གཞུང་གིས་གསལ་བཀྲོལ་བྱས་ཡོད་མ་རེད། དེ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ་དང་ཧང་སང་དགོས་པ་ཞིག་ལ་རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྤྱོད་པ་དེ་མཚམས་འཇོག་བྱེད་ཀྱི་མེད་པ་གསལ་པོ་ཡོད་རེད། དེར་རྟེན་ཁྱེད་ཚོས་སྤེལ་བའི་ལས་འགུལ་འདི་རླབས་ཆེན་ཡིན་ཞིང་། ང་ཚོ་ཧིན་བོད་འབྲེལ་མཐུད་ཚོགས་པ་རྟག་ཏུ་ཁྱོད་ཚོའི་མཉམ་དུ་ཡོད་ཅེས་འགྲེལ་བརྗོད་གནང་འདུག

མི་མང་ཁག་ཅིག་མ་སྐུལ་དང་བླངས་ཐོག་ཏུ་ཟས་བཅད་ངོ་རྒོལ་འདིར་མཉམ་ཞུགས་བྱས་ཤིང་། མི་མང་ལས་འགུལ་བ་བསྟན་འཛིན་སྒྲོལ་མས་ལས་འགུལ་འདིའི་རིགས་ཀྱིས་རང་གི་བུ་ཕྲུག་ཚོར་བོད་དོན་ངོ་སྤྲོད་བྱེད་པར་ཕན་ཐོགས་ཆེན་པོཡོང་གི་འདུག་ཅེས་བཤད། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་༢༧་འཁོར་བའི་ཉིན་མོར་རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྡ་རམ་ས་ལའི་ས་ཚིགས་ཆེ་ཁག་དྲུག་ཏུ་པཎ་ཆེན་རིན་པོ་ཆེར་རང་དབང་སྤྲོད་དགོས་ཞེས་སྦྱར་ཡིག་སྦྱར་ནས་ལས་འགུལ་སྤེལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་པ་འཕྲིན་ལས་རྗེས་སུ་དྲན་པ་ཞེས་དྲྭ་ལམ་དུ་བགྲོ་གླིང་ཞིག་ཚོགས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG