ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཊམ་གྱིས་ཨ་རིའི་ས་ཐོག་ཏུ་སྐྱེས་མ་ཐག་པའི་ཕྲུ་གུ་རྣམས་ཨ་རིའི་མི་སེར་ཆགས་པའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུར་སྐུལ་འདེད།
གཟའ་མིག་དམར། ༢༠༢༥/༠༢/༢༥

ཊམ་གྱིས་ཨ་རིའི་ས་ཐོག་ཏུ་སྐྱེས་མ་ཐག་པའི་ཕྲུ་གུ་རྣམས་ཨ་རིའི་མི་སེར་ཆགས་པའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུར་སྐུལ་འདེད།


ཨ་རིའི་ས་ཐོག་ཏུ་སྐྱེས་མ་ཐག་པའི་ཕྲུ་གུ་རྣམས་ཨ་རིའི་མི་སེར་ཆཊ་པའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ།
ཨ་རིའི་ས་ཐོག་ཏུ་སྐྱེས་མ་ཐག་པའི་ཕྲུ་གུ་རྣམས་ཨ་རིའི་མི་སེར་ཆཊ་པའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ།

༄༅། །ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཨ་རིའི་ས་ཐོག་ཏུ་སྐྱེས་མ་ཐག་པའི་ཕྲུ་གུ་རྣམས་རང་བཞིན་གྱིས་ཨ་མེ་རི་ཀའི་མི་སེར་ཆགས་པའི་ལྷན་སྐྱེས་སྤྱི་འབངས་ཀྱི་ཐོབ་ཐང་དེ་མཚམས་འཇོག་བྱེད་པའི་བཀོད་ཁྱབ་ལ་མཚན་རྟགས་བསྐྱོན་ཡོད་པའི་རྐྱེན་ལས། ད་ལྟ་འཛིན་སྐྱོང་གི་དབང་ཚད་དང་། ༡༨༦༨ ལོར་གཏན་འབེབས་བྱུང་བའི་ཨ་རིའི་རྩ་ཁྲིམས་ལས་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་བཅུ་བཞི་པ་དང་འབྲེལ་བའི་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་རྩོད་གླེང་ཞིག་ཡོང་བཞིན་པའི་སྒང་ཡིན་པ་རེད།

དུས་རབས་༡༨ པའི་དུས་མཇུག་ཏུ་གཏན་འབེབས་གནང་བའི་ཨ་རིའི་རྩ་ཁྲིམས་ལས། ཕྱི་མི་གཞིས་སྤོ་དང་ཡུལ་མིའི་ཐོབ་ཐང་སྐོར་གྱི་ཐག་གཅོད་དབང་ཆ་དེ་གྲོས་ཚོགས་ལ་སྤྲད་ཡོད་ཀྱང་། སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་འཛིན་སྐྱོང་བཀོད་ཁྱབ་བཏང་ནས་ཨ་རིའི་ས་ཐོག་ཏུ་སྐྱེས་མ་ཐག་པའི་ཕྲུ་གུ་རང་བཞིན་གྱིས་ཨ་མེ་རི་ཀའི་མི་སེར་ཆགས་པའི་ལྷན་སྐྱེས་སྤྱི་འབངས་ཀྱི་ཐོབ་ཐང་དེར་རྫོགས་ཚིག་བཀོད་ཡོད་པ་རེད།

སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས། “ཀུན་གྱི་མཁྱེན་གསལ་ལྟར། ང་ཚོ་ནི་འཛམ་གླིང་ཐོག་ལྷན་སྐྱེས་སྤྱི་འབངས་ཀྱི་ཐོབ་ཐང་སྤྲོད་མཁན་རྒྱལ་ཁབ་གཅིག་པུ་དེ་ཡིན། དེ་ནི་ཧ་ཅང་གི་མི་འོས་པ་ཞིག་དང་ཆོ་མེད་པའི་ལས་ཀ་ཞིག་རེད། ཡིན་ནའང་ང་ཚོ་ག་རེ་བྱ་དགོས་མིན་གཞི་ནས་བལྟ་རྒྱུ་རེད། ང་ཚོས་ཁྲིམས་ལུགས་ཀྱི་ཁུངས་སྐྱེལ་རྒྱབ་རྟེན་འདང་ཐག་ཆོད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཙམ་མ་ཟད། ལོ་ངོ་བཅུ་ཕྲག་མང་པོའི་རིང་ཐོག་མཐའ་བར་གསུམ་ལ་ལས་གཞི་འདི་བརྩམ་འདོད་མཁན་ཡོད་བཞིན་པ་རེད།” ཅེས་གསུངས།

སྲིད་འཛིན་ཊམ་མཆོག་གི་འཛིན་སྐྱོང་བཀོད་ཁྱབ་ལ་སྐྱོན་བརྗོད་གནང་མཁན་ཚོས་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་བཅུ་བཞི་པ་ཞེས་བྱ་བ་དེ་ནི་སྤྱི་འབངས་ཐོབ་ཐང་གི་གཞི་རྟེན་གཙོ་བོ་ཞིག་ཡིན་པ་དང་། ཨ་རིའི་སྲིད་འཛིན་གྱིས་ཐོབ་ཐང་དེ་འཕྲོག་ཐུབ་ཀྱི་མ་རེད། ཅེས་བརྗོད་བཞིན་པ་རེད།

ཌི་སི་ཁོ་ཊིའི་
ཌི་སི་ཁོ་ཊིའི་

ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་ཨ་རིའི་བུད་མེད་གླེང་སྟེགས་ཀྱི་ཉམས་ཞིབ་པ་ཐུའུ་ཡེ་ཌོ་ཝང་ལགས་ཀྱིས། “དང་ཐོག་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེའི་དམིགས་ཡུལ་ནི། མི་རིགས་ནག་པོའི་བྲན་གཡོག་རྣམས་ལ་མི་སེར་གྱི་ཐོབ་ཐང་རག་ཆེད་ཡིན་པ་དང་། དཔེ་མཚོན་ཞིག་ལ་ཌེར་ཌི་སི་ཁོ་ཊིའི་ Dred Scott གྱོད་དོན་དེ་བགྲང་སྲོལ་ཡོད་པ་རེད། རྩ་ཁྲིམས་བསྐྱར་བཅོས་ཀྱི་དབང་ཆ་དེ་སྲིད་འཛིན་གྱིས་འཕྲོག་མི་ཆོག་པ་དང་། དེ་ནི་གྲོས་ཚོགས་ཀྱིས་ཐག་གཅོད་དགོས་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་འཛིན་སྐྱོང་བཀོད་ཁྱབ་དེ་ནི་ཁྲིམས་ཀྱི་འགྲོ་སྟངས་དང་མཐུན་གྱི་མེད་པ་རེད།”ཅེས་གསུངས།

དེ་ལྟར་ལགས་ཀྱང་། འཛིན་སྐྱོང་བཀོད་ཁྱབ་དེར་རྒྱབ་སྐྱོར་ཡོད་མཁན་ཚོས། བྱེད་བབས་དེས་ཕྱི་མི་གཞིས་སྤོའི་ལམ་ལུགས་བསྐྱར་གསོ་ཐད་འདྲ་མཉམ་དྲང་བདེན་ཞིག་ཡོང་རྒྱུུར་གལ་འགངས་ཆེན་པོ་ཡིན་པ་གསུང་གི་ཡོད་པ་རེད།

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་བྷ་རེན་བྷ་བྷིན་ལགས་ཀྱིས། “སྲིད་འཛིན་ཊམ་མཆོག་གིས་གསུངས་དོན་ལ་ཕྱི་མི་གཞིས་སྤོའི་ལམ་ལུགས་བསྐྱར་གསོའི་ཐད་ལ་འདྲ་མཉམ་དང་དྲང་བདེན་ཡོང་རྒྱུར་ཕན་པར་མ་ཟད། རྩ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཨང་བཅུ་བཞི་པའི་དགོངས་དོན་ལ་སྲུང་སྐྱོབ་གནང་བའི་དགོངས་གཞི་ཡོད་པ་རེད། ཁོང་གིས་ཨ་མེ་རི་ཀ་དེ་བསྐྱར་དུ་རླབས་ཆེན་པོ་བཟོ་བའི་རྩ་བའི་དམ་བཅའ་དང་མཐུན་གྱི་ཡོད་པ་རེད། ལོ་རྒྱུས་རང་བཞིན་ལྡན་པའི་འཛིན་སྐྱོང་བཀོད་ཁྱབ་དེས་ལྷན་སྐྱེས་སྤྱི་འབངས་ཀྱི་ཐོབ་ཐང་ལ་རྫོགས་ཚིག་འགོད་ཀྱི་རེད། དེ་ནི་མདུན་ལ་གོམ་པ་ཆེན་པོ་ཞིག་སྤོས་ཐུབ་པ་མཚོན་གྱི་ཡོད་པ་རེད།” ཅེས་གསུངས།

ད་ཆ་འཛིན་སྐྱོང་བཀོད་ཁྱབ་དེར་ཁྲིམས་ཐོག་ནས་ཁ་མཆུ་མང་པོ་ཞིག་འགྲོ་བཞིན་པ་དང་། མངའ་སྡེ་༢༢ ནས་དམངས་གཙོ་ཚོགས་པའི་ཁྲིམས་དཔོན་ཆེན་མོ་ཚོས་བཀོད་ཁྱབ་དེ་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་བཅུ་བཞི་པ་དང་འགལ་ཡོད་པ་འདོད་ཀྱི་ཡོད་པ་རེད།

ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་ཨ་རིའི་བུད་མེད་གླེང་སྟེགས་ཀྱི་ཉམས་ཞིབ་པ་ཐུའུ་ཡེ་ཌོ་ཝང་ལགས་ཀྱིས། “ཆེས་མཐོའི་ཁྲིམས་ཁང་གིས་དེ་སྔོན་གྱོད་དོན་ཞིག་ལ་ཞིབ་དཔྱོད་ཚུགས་སྐབས་རྩ་དོན་དེར་བསྐྱར་ནན་གནང་མྱོང་ཡོད་པ་དང་། དེའི་ཚེ་དེའི་དུས་རྒྱ་རིགས་ཕྱི་མི་གཞིས་སྤོའི་སྤྱི་འབངས་མི་སེར་གྱི་ཐོབ་ཐང་ལ་དོགས་སློང་གནང་ཡོད་པ་རེད། ཁྲིམས་ཁང་གིས་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་བཅུ་བཞི་པའི་དགོངས་དོན་དེ་རྒྱ་རིགས་གཞིས་སྤོའི་གནད་དོན་དེའི་ཐད་བེད་སྤྱོད་བཏང་ནས་མཐར་ཁོང་ཚོས་ཆབ་འབངས་མི་སེར་གྱི་ཐོབ་ཐང་རག་ཡོད་པ་རེད།” ཅེས་གསུངས།

ད་ཆ་སེ་ཨ་ཐིལ་Seattle དབུས་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་གིས་འཛིན་སྐྱོང་བཀོད་ཁབ་དེ་གནས་སྐབས་རིང་ལག་བསྟར་གཏོང་རྒྱུར་བཀག་འགོག་གནང་ཡོད་པ་དང་། གལ་སྲིད་ཁ་མཆུ་དེ་ཆེས་མཐོའི་ཁྲིམས་ཁང་ལ་སླེབས་པ་ཡིན་ན། མཐའ་མའི་ཐག་གཅོད་དེས་རྒྱལ་ཁབ་ཁྱོན་ཡོངས་སུ་སྤྱི་འབངས་མི་སེར་ཐོབ་ཐང་ངོས་འཛིན་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད། གལ་སྲིད་བཀོད་ཁྱབ་དེ་དངོས་སུ་ལག་བསྟར་བཏང་ཚེ། ཨ་རིའི་ནང་གསར་དུ་སྐྱེས་པའི་ཕྲུ་གུ་རྣམས་དང་། ད་ཕན་སྐྱེས་དཔང་ཡིག་ཆ་དང་སྤྱི་ཚོགས་བདེ་འཇགས་ཨང་གྲངས་སོགས་རག་མེད་མཁན་ཚོར་ཐད་ཀར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་རེད།

གླེང་སྟེགས།

XS
SM
MD
LG