ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཁྲིམས་འགལ་གྱི་ཕྱི་མི་ཚོ་གྷོན་ཊ་ན་མོ་མཚོ་ཁུག་ཏུ་བཀག་ཉར་བྱ་རྒྱུ་ཡིན་ཟེར་འདུག
གཟའ་མིག་དམར། ༢༠༢༥/༠༢/༢༥

ཁྲིམས་འགལ་གྱི་ཕྱི་མི་ཚོ་གྷོན་ཊ་ན་མོ་མཚོ་ཁུག་ཏུ་བཀག་ཉར་བྱ་རྒྱུ་ཡིན་ཟེར་འདུག


གྷོན་ཊ་ན་མོ་བཙོན་ཁང་།
གྷོན་ཊ་ན་མོ་བཙོན་ཁང་།

༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིར་ཁྲིམས་མཐུན་དུ་འདུག་ཆོག་པའི་ཡིག་ཆ་མེད་པའི་ཕྱི་མི་རྣམས་གྷོན་ཊ་ན་མོ་མཚོ་ཁུག་ཏུ་བཀག་ཉར་བྱ་རྒྱུ་ཡིན་ཞེས་བསྒྲགས། ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན། སྲིད་འཛིན་ཊམ་གྱིས་རྒྱལ་སྲུང་དང་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གཉིས་ལ་ཕྱི་མི་གནས་སྤོ་བ་༣༠༠༠༠་གྷོན་ཊ་ན་མོ་མཚོ་ཁུག་བཀག་ཉར་བྱ་ཡུལ་གྲ་སྒྲིག་བྱོས་ཞེས་བཀོད་ཁྱབ་བཏང་ཡོད་ཅིང་། ཀུ་པའི་ས་ཐོག་ཏུ་ཡོད་པའི་ཨ་རིའི་བཀག་ཉར་ཁང་དེར་༢༠༠༡་ལོའི་ཕྱི་༩་པའི་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་འགྲུལ་སྐྱེལ་གནམ་གྲུ་བཙན་འཕྲོག་བྱས་ནས་ནེའུ་ཡོཀ་གྲོང་ཁྱེར་དང་རྒྱལ་ས་ཝ་ཤིང་ཊོན་དུ་རྒོལ་རྡུང་བྱས་པར་འབྲེལ་བ་ཡོད་པའི་ཉེས་ཅན་རྣམས་ཏེ། ཨོ་ས་མ་བྷིན་ལཱ་ཌན་གྱིས་བཙུགས་པའི་ཨལ་ཁེ་དྷའམ། གཞིས་ས་སྒྲིག་འཛུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་དང་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གི་དྲག་སྤྱོད་པ་རྣམས་བཙོན་འཇུག་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀར་ཧ་ཅང་གི་ལྟ་ཚུལ་ངན་པ་ཞིག་བྱུང་།།

སྲིད་འཛིན་ཊམ་གྱིས་ལེ་ཁེན་རེ་ལི་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན་པའི་མཛད་སྒོ།
སྲིད་འཛིན་ཊམ་གྱིས་ལེ་ཁེན་རེ་ལི་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན་པའི་མཛད་སྒོ།

སྲིད་འཛིན་ཊམ་གྱིས་མི་ཁག་ཅིག་རྫབ་ཆེ་དྲགས་ཏེ་རང་ཡུལ་དུ་ཕྱིར་སློག་བྱས་ཀྱང་ཉར་འཇོག་བྱ་རྒྱུ་ཡིན་མིན་ངེས་གཏན་མེད། ང་ཚོར་མི་དེ་ཚོ་སླར་ཡང་ཨ་མི་རི་ཀར་ཡོང་དུ་འཇུག་འདོད་མེད། དེར་བརྟེན་ང་ཚོས་མི་དེ་ཚོ་གྷོན་ཊ་ན་མོ་མཚོ་ཁུག་ཏུ་སྐྱེལ་རྒྱུ་ཡིན། ང་ཚོས་འཕྲལ་དུ་མི་འཇོག་སའི་ཁོར་ཡུག་རྒྱ་སྐྱེད་གཏོང་ཐུབ་པ་དང་ས་ཆ་དེ་བཙན་པོ་རེད། ས་ཆ་དེ་བཙན་དྲགས་ཏེ་མི་ཞིག་དེ་ནས་ཐར་ཐུབ་རྒྱུ་ཁག་པོ་རེད་ཅེས་མདང་དགོང་ཕོ་བྲང་དཀར་པོར་ལེ་ཁེན་རེ་ལི་(Laken Riley)་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན་པའི་སྐབས་སུ་དེ་ལྟར་བཤད། ན་ནིང་ལོ་ན་༢༢་ལ་སོན་པའི་སྨན་ཞབས་སློབ་ཕྲུག་ལེ་ཁེན་རེ་ལི་ལམ་ཐོག་ཏུ་ཝེ་ནེ་ཛུ་ལི་ཡའི་ཕྱི་མི་གནས་སྤོ་བ་ཞིག་གིས་བསད། ཨ་མི་རི་ཀས་ཁྲིམས་འགལ་གྱི་ཕྱི་མི་གནས་སྤོ་བ་རྣམས་བཀག་ཉར་བྱེད་པའི་ཁྲིམས་ཡིག་དེར་ལེ་ཁེན་རེ་ལི་ཁྲིམས་ཡིག་ཅེས་མིང་བཏགས།།

ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་གྱི་དགོང་མོར་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༣་ལོར་ཝེ་ནེ་ཛུ་ལའི་སྲིད་འཛིན་ཎི་ཀོ་ལ་སི་མ་རྡུ་རོ་(Nicolas Maduro)་ཡིས་སྲིད་དབང་བཟུང་བའི་རྗེས་སུ་དཔལ་འབྱོར་ཉམས། ཝེ་ནེ་ཛུ་ལའི་མི་དམངས་ཀྱིས་འཚོ་བ་ཡག་ས་ཞིག་འཚོལ་སྙེག་དང་སྲིད་འཛིན་མ་རྡུ་རོའི་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་ཕྱི་རྒྱལ་ལ་མ་བྲོས་ཐབས་མེད་དུ་གྱུར། ད་ལྟའི་བར་དུ་ཝེ་ནེ་ཛུ་ལའི་མི་མང་ས་ཡ་༧.༧་ཕྱི་རྒྱལ་དུ་བྲོས་པའི་མང་ཆེ་བ་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་ཁེ་རེ་བི་ཡན་མཚོ་གླིང་རྒྱལ་ཁབ་ཁག་ཏུ་ཁྱིམ་གཞིས་ཆགས། པྲོག་དབྱིབས་ནད་ཡམས་རྗེས་སུ་ཝེ་ནེ་ཛུ་ལའི་སྐྱབས་བཅོལ་བ་རྣམས་ཨ་མི་རི་ཀར་བསླེབས། སྔ་ལོ་ཝེ་ནེ་ཛུ་ལར་སྲིད་འཛིན་འོས་བསྡུ་མ་བྱས་གོང་དུ་ཌེལ་ཧྥོ་སི་ཞིབ་འཇུག་ཁང་གིས་མང་ཚོགས་ལ་བསམ་ཚུལ་དྲིས་ཤིང་། རྒྱལ་ཁབ་དེའི་མི་འབོར་བཞི་ཆའི་གཅིག་གིས་མ་རྡུ་རོ་བསྐྱར་དུ་འདེམས་ཐོན་བྱུང་ན་ང་ཚོ་རང་ཡུལ་དུ་འདུག་ཐུབ་རྒྱུ་མ་རེད་ཅེས་ལན་འདེབས་བྱས་པའི་སྙན་ཐོ་ཐོན།།

ཝེ་ན་ཛུ་ལ་དང་ཧེ་ཊིའི་སྐྱབས་བཅོལ་བ།
ཝེ་ན་ཛུ་ལ་དང་ཧེ་ཊིའི་སྐྱབས་བཅོལ་བ།

སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཝེ་ནེ་ཛུ་ལའི་གནས་སྤོ་བ་ཚོར་༢༠༢༦་ལོའི་ཕྱི་ཟླ་༡༠་པའི་བར་དུ་གནས་སྐབས་སྲུང་སྐྱོབ་གནས་བབ་སྤྲོད་རྒྱུའི་ཐག་བཅད། ༡༩༩༠་ལོར་ཨ་རིའི་གྲོས་ཚོགས་ཀྱིས་རང་བྱུང་གི་འཇིགས་པ་བྱུང་བ་དང་ནང་འཁྲུག་གི་དཀའ་ངལ་ཡོད་པའི་རྒྱལ་ཁབ་ཁག་གི་ཕྱི་མི་ཚོ་ལོ་གཅིག་དང་ཕྱེད་ཀའི་རིང་ཨ་རི་ནས་ཕྱིར་ཕུད་བྱེད་མི་ཆོག་པའི་གནས་སྐབས་སྲུང་སྐྱོབ་གནས་བབ་ཅེས་ཁྲིམས་ཤིག་གཏན་ལ་ཕབ། ཝེ་ནེ་ཛུ་ལ་དང་ཧེ་ཊི། ཧུན་དྷུ་ར་སི་དང་ནི་ཀ་ར་ཀུ་ཝ། ཨབ་གྷ་ཎི་སི་ཐན་དང་སུ་དྷན། ཡུཀ་རེན་དང་ལེ་བྷ་ནན་བཅས་རྒྱལ་ཁབ་༡༧་ནས་ཡོང་བའི་ཕྱི་མི་ས་ཡ་༡་ལྷག་ལ་གནས་སྐབས་སྲུང་སྐྱོབ་གནས་བབ་སྤྲད། དེ་དག་གི་གྲས་ཀྱི་མང་ཤོས་དེ་ཝེ་ནེ་ཛུ་ལའི་ཕྱི་མི་གནས་སྤོ་བ་ཚོར་ཐོབ། ཇཱོ་བྷ་ཌན་གྱི་སྲིད་དབང་མཇུག་མ་བསྡུས་གོང་དུ་ཝེ་ནེ་ཛུ་ལའི་ཕྱི་མི་ཚོར་གནས་སྐབས་སྲུང་སྐྱོབ་གནས་བབ་སྤྲད་པའི་སྟེང་དུ་ཨལ་ས་ཝ་དྷོར་གྱི་མི་༢༣༠༠༠༠་དང་ཡུཀ་རེན་བ་༡༠༣༠༠༠་ལྷག སུ་དྷན་བ་༡༩༠༠་ཨ་རི་ནས་ཕྱིར་ཕུད་བྱེད་མི་ཆོག་པའི་གནས་སྐབས་སྲུང་སྐྱོབ་གནས་པ་སྤྲད།།

གྷོན་ཊ་ན་མོ་མཚོ་ཁུག་ཏུ་ཁྲིམས་འགལ་གྱི་ཕྱི་མི་རྣམས་ཇི་ལྟར་འཇོག་རྒྱུ་དང་འགྲོ་གྲོན་སུས་གཏང་རྒྱུ་ཡིན་མིན་རྣམས་གསལ་པོ་མེད། གསར་འགོད་པ་ཚོས་རྒྱལ་ནང་བདེ་སྲུང་དྲུང་ཆེ་ཀེ་རི་སི་ཊི་ནོ་ཡེམ་(Kristi Noem)་ལ་སྐད་ཆ་དྲིས། ཁོ་མོས་ལས་དོན་དེ་ཕོ་བྲང་དཀར་པོས་བཀོད་སྒྲིག་བྱེད་ཀྱི་ཡོད་པ་རེད། སྔོན་ལ་གྷོ་ཊ་ན་མོ་མཚོ་ཁུག་གི་བཀག་ཉར་ཁང་དེར་དངུལ་སྒོར་ཡོད་པ་རྣམས་འགྲོ་གྲོན་གཏོང་གི་ཡིན། ང་ཚོས་གྲོས་ཚོགས་ལ་འགྲོ་གྲོན་ཆོག་མཆན་འགོད་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་ཅེས་བསྟན། ཡིན་ནའང་ཀེ་རི་སི་ཊི་ནོ་ཡེམ་གྱིས་མི་ཁྲི་ཚོ་༣་ཙམ་གྷོན་ཊ་ན་མོ་མཚོ་ཁུག་ཏུ་བཀག་ཉར་བྱེད་པར་འགྲོ་གྲོན་ཅི་ཙམ་གཏང་དགོས་མིན་སོིགས་གསལ་བཀྲོལ་མ་བྱུང་། མིང་ཕྱིར་བསྒྲགས་བྱེད་འདོད་མེད་པའི་ཕོ་བྲང་དཀར་པོའི་ལས་སྣེ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་ཌོ་ནལ་ཊམ་གྱིས་ཕྱི་མི་གནས་སྤོ་བ་རྣམས་གྷོ་ཊ་ན་མོ་མཚོ་ཁུག་ཏུ་འཇོག་དགོས་པའི་ཡིག་ཆུང་ཞིག་བཏང་བ་རེད། ཡིག་ཆུང་དེ་སྲིད་འཛིན་གྱི་བཀོད་ཁྱབ་ལྟར་མ་རེད་ཅེས་ནང་མོལ་བྱས་འདུག

རྒྱལ་ནང་བདེ་སྲུང་དྲུང་ཆེ་ཀེ་རི་སི་ཊི་ནོ་ཡེམ་དང་ས་མཚམས་སྲུང་སྐྱོབ་འགན་འཛིན་ཊོམ་ཧོ་མན།
རྒྱལ་ནང་བདེ་སྲུང་དྲུང་ཆེ་ཀེ་རི་སི་ཊི་ནོ་ཡེམ་དང་ས་མཚམས་སྲུང་སྐྱོབ་འགན་འཛིན་ཊོམ་ཧོ་མན།

ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ས་མཚམས་སྲུང་སྐྱོབ་འགན་འཛིན་ཊོམ་ཧོ་མན་(Tom Homan)་གྱིས་མཚོ་སྲུང་ཉེན་རྟོག་པས་མཚོ་ཐོག་ཏུ་འཛིན་བཟུང་བྱས་པའི་ཁྲིམས་འགལ་གྱི་ཕྱི་མི་གནས་སྤོ་བ་རྣམས་གྷོན་ཊ་ན་མོ་མཚོ་ཁུག་ཏུ་སྐྱེལ་གྱི་ཡོད། སྔོན་ཆད་ཀྱང་ཁྲིམས་འགལ་གྱི་ཕྱི་མི་རྣམས་མཚོ་ཁུག་དེར་བཀག་ཉར་བྱས་པ་རེད། ང་ཚོས་ཕྱི་མི་གནས་སྤོ་བ་བཀག་ཉར་བྱ་ཡུལ་དེ་རྒྱ་སྐྱེད་ཀྱི་ཡོད་ཅེས་བཀྲལ། རྒྱལ་སྲུང་དྲུང་ཆེ་ཕི་ཊི་ཧེ་གྷ་སེ་ཐས་(Pete Hegseth)་ཀྱང་གྷོན་ཊ་ན་མོ་མཚོ་ཁུག་ནི་ཉེས་ཅན་གནས་སྤོ་བ་རྣམས་བཀག་ཉར་བྱ་ཡུལ་མཆོག་ཏུ་གྱུར་པ་ཞིག་རེད། ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་ཕྱི་མི་རྣམས་དབྱེ་གསེས་བྱས་ནས་རང་ཡུལ་ལ་ཕྱིར་སློག་མ་བྱས་པའི་བར་དུ་གྷོན་ཊ་ན་མོ་མཚོ་ཁུག་ཏུ་འཇོག་ཆོག གང་ལྟར་ཕྱི་མི་གནས་སྤོ་བ་རྣམས་ཨ་རིའི་མི་དམངས་དང་རྒྱང་ཐག་རིང་དུ་བཏང་ན་ཡག་ཤོས་རེད་ཅེས་ཧྥོཀ་སི་གསར་ཁང་གི་བཅར་འདྲིའི་སྐབས་སུ་ལེན་འདེབས་བྱས་འདུག

གྷོ་ཊ་ན་མོ་མཚོ་ཁུག་ནི་ཨ་རིའི་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀུ་པའི་མངའ་ཁོངས་སུ་གཏོགས། ༡༨༩༨་ལོར་ལངས་པའི་ཨ་རི་དང་སི་པེན་གྱི་དམག་འཁྲུག་སྐབས་སུ་ཨ་རིའི་མཚོ་དམག་གིས་དཔུང་འཇུག་བྱས་ནས་ཀུ་པ་བླངས། སྐབས་དེར་ཀུ་པ་བ་ཚོས་སི་པེན་ལ་ངོ་ལོག་བྱས་ནས་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་པའི་དུས་སྐབས་ཡིན་པར་མ་ཟད། ༡༩༠༡་ལོར་ཨ་མི་རི་ཀས་ཀུ་པའི་རྩ་ཁྲིམས་ཟིན་བྲིས་བཏབ་སྟེ་མིང་ཙམ་གྱིས་གྷོན་ཊ་ན་མོ་མཚོ་ཁུག་གི་བདག་དབང་ཀུ་པར་ཡོད། ཨ་མི་རི་ཀས་མཚོ་ཁུག་དེའི་ནང་སྲིད་ལ་ཐེ་ཇུས་བྱེད་ཆོག་པ་དང་ཀུ་པའི་གཞུང་གིས་ཨ་མི་རི་ཀར་མཚོ་ཁུག་དེ་བཙོངས་པའམ། ཡང་ན་གླས་ནས་མཚོ་དམག་གི་རྟེན་གཞི་འཛུགས་ཆོག་པའི་རང་དབང་ཡོད་ཅེས་འཁོད། ༡༩༠༣་ལོའི་ཨ་རི་དང་ཀུ་པའི་ཆིངས་ཡིག་ནང་དུ་དོན་ཚན་དེ་དག་བསྐྱར་དུ་བཀོད། ༡༩༣༤་ལོའི་ཨ་རི་དང་ཀུ་པའི་ཆིངས་ཡིག་ནང་དུའང་དོན་ཚན་དེ་དག་རང་སོར་བཞག ༡༩༥༩་ལོར་ཀུ་པར་དམར་ཤོག་གིས་དབང་བསྒྱུར་བྱས་པའི་རྗེས་སུ་གྷོ་ཊ་ན་མོ་མཚོ་ཁུག་གི་བདག་དབང་ཕྱིར་སློག་བྱ་དགོས་ཞེས་རྩོད་པ་རྒྱག་རྒྱུ་འགོ་ཚུགས།།

གྷོན་ཊ་ན་མོ་མཚོ་ཁུག་གི་བཙོན་ཁང་།
གྷོན་ཊ་ན་མོ་མཚོ་ཁུག་གི་བཙོན་ཁང་།

སྲིད་འཛིན་༤༣་པ་འཇོར་ཇཱི་ཊབ་ལུ་བྷུ་ཤཱིའི་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་པའི་དམག་འཁྲུག་སྐབས་སུ་གྷོན་ཊ་ན་མོ་མཚོ་ཁུག་ཏུ་བཙོན་པ་༦༨༠་བཅུག ད་ལོའི་ཕྱི་ཟླ་བ་དང་པོའི་ཚེས་༦་གི་མཚམས་སུ་བཙོན་པ་༡༥་ལས་མེད། སྲིད་འཛིན་ཨོ་བྷ་མ་དང་བྷ་ཌན་གཉིས་ཀས་གྷོན་ཊ་ན་མོ་མཚོ་ཁུག་གི་བཙོན་ཁང་སྒོ་རྒྱག་ཐབས་བྱས་ཀྱང་མ་གྲུབ། ༡༩༩༤་ལོར་ཀུ་པ་དང་ཧེ་ཊི་གཙོས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་ཕྱི་མི་གནས་སྤོ་བ་༤༥༠༠༠་གྷོན་ཊ་ན་མོ་མཚོ་ཁུག་ཏུ་བཀག ༡༩༩༦་གི་ཕྱི་ཟླ་དང་པོ་ནང་བཀག་ཉར་ཁང་དེའི་མི་རྣམས་ས་གནས་གཞན་དུ་སྤོས། ༢༠༢༤་ལོའི་ཕྱི་ཟླ་༩་པའི་ནང་རྒྱལ་སྤྱིའི་སྐྱབས་བཅོལ་བ་རོགས་སྐྱོར་ལས་གཞི་ཁང་གིས་ཨ་མི་རི་ཀས་ལོ་བཅུ་ཕྲག་མང་པོར་གྷོན་ཊ་ན་མོ་མཚོ་ཁུག་ཏུ་སྐྱབས་བཅོལ་བ་བཀག་ཉར་བྱས་ནས་བཙོན་པ་ལྟར་དཀའ་སྡུག་མྱོང་དུ་བཅུག་རེད་ཅེས་སྙན་ཐོ་བཏོན། ཕྱི་མི་གནས་སྤོ་བའི་ཐོབ་ཐང་ཚོགས་པ་ཁག་གིས་ཨ་མི་རི་ཀས་གྷོན་ཊ་ན་མོ་མཚོ་ཁུག་གི་བཙོན་ཁང་སྒོ་རྒྱག་དགོས། བཙོན་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་བཞིན་པར་ཨ་རིའི་གྲོས་ཚོགས་ཀྱི་ཞིབ་འཇུག་བྱ་དགོས་ཞེས་འབོད་སྐུལ་ཞུས་སོ།།

གླེང་སྟེགས།

XS
SM
MD
LG