༄༅།། སྲིད་འཛིན་ཊམ་ནས་འཇིགས་སྐུལ་བྱས་པའི་སྟབས་ཀྱིས་རྒྱ་ནག་གཞུང་གིས་ཨ་རིར་ཁྲིམས་འགལ་དུ་བསྡད་ཡོད་པའི་རྒྱ་ནག་པ་ཚོ་རང་ཡུལ་དུ་ལེན་རྒྱུའི་མོས་མཐུན་བྱས་འདུག ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་མི་གང་ཞིག་ཨ་རིར་ཁྲིམས་འགལ་དུ་བསྡད་ཡོད་པ་དང་མི་དེ་རྒྱ་ནག་གི་སྤྱི་དམངས་ཡིན་པ་ངོ་རྟགས་ཆོད་ན་རང་ཡུལ་དུ་ལེན་ཆོག་ཅེས་གསལ་བསྒྲགས་སྤེལ། སྲིད་འཛིན་ཊམ་གྱིས་ཨ་རིར་ཁྲིམས་འགལ་དུ་བསྡད་ཡོད་པའི་རྒྱ་ནག་པ་ཚོ་རྒྱ་ནག་གཞུང་གིས་ཕྱིར་ལེན་མ་བྱས་ན་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་རྒྱུ་ཡིན་ཞེས་ལན་མང་བསྒྲགས། ཌོ་ནལ་ཊམ་གྱི་ལས་དུས་གཉིས་པ་འགོ་ཚུགས་པའི་རྗེས་སུ་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཕྱིར་ཕུད་གཏོང་རྒྱུ་མགོ་བརྩམས། ཟླ་ཤས་གོང་དུ་ཨ་རིའི་གཞུང་གིས་གནམ་གྲུ་༥་གླས་ནས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྒྱ་མི་བརྒྱ་ཕྲག་འགའ་ཞིག་རྒྱ་ནག་ཏུ་བསློགས། ཨ་མི་རི་ཀར་ཁྲིམས་འགལ་དུ་བསླེབས་པའི་རྒྱ་ནག་པ་མང་ཆེ་བ་རྒྱ་ནག་གཞུང་གིས་ཕྱིར་ལེན་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག
༢༠༢༢་ལོའི་ཕྱི་ཟླ་༨་མཚམས་སུ་ཨ་རི་རྒྱལ་ཡོངས་སུ་ཧོང་ཀོང་བ་དང་ཨོ་མེན་པ་སོགས་ཚུད་པའི་ཁྲིམས་འགལ་དུ་བསྡད་ཡོད་པའི་རྒྱ་ནག་པ་༢༡༠༠༠༠་ལྷག་འདུག་ཅེས་ཨ་རིའི་གཞུང་གི་གཞི་གྲངས་སུ་འཁོད། པྲོག་དབྱིབས་ནད་ཡམས་མཇུག་བསྒྲིལ་ནས་བཟུང་སྟེ་ཐོངས་མཆན་མེད་པར་མེག་སི་ཀོའི་ས་མཚམས་ནས་རྒྱ་ནག་གི་ཕྱིར་སྐྱོད་ལམ་ཡིག་བསྟན་ནས་ཨ་རིའི་ས་ཐོག་ཏུ་འཛུལ་བ་རྣམས་བསྡོམས་ཚེ། ཨ་མི་རི་ཀར་ཐོངས་མཆན་མེད་པར་འབྱོར་བའི་རྒྱ་མིའི་གྲངས་འབོར་དེ་བས་ཀྱང་མང་ཤས་ཆེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས་ང་ཚོས་རྒྱ་ནག་གི་སྤྱི་དམངས་ཡིན་པ་ངོ་རྟགས་ཆོད་པ་རྣམས་ཨ་རི་ནས་རང་ཡུལ་དུ་ལེན་རྩིས་ཡོད། རྒྱ་ནག་གི་སྤྱི་དམངས་ཟེར་བ་དེ་སྐམ་ས་ཆེན་མོ་གཅིག་པུར་གོ་དགོས། རྒྱ་ནག་གཞུང་གིས་ཁྲིམས་འགལ་གནས་སྤོའི་རིགས་མཐའ་དག་ལ་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཡིན་ནའང་མའོ་ཉིང་གིས་ཨ་རིར་ཁྲིམས་འགལ་དུ་བསྡད་ཡོད་པའི་ཧོང་ཀོང་བ་དང་ཨོ་མེན་པ་རྣམས་རང་ཡུལ་དུ་ལེན་རྒྱུ་ཡིན་མིན་གསལ་བཀྲོལ་མ་བྱུང་།།
ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་པ་ཁག་ཅིག་ཨ་མི་རི་ཀར་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་ནས་ཡོང་སྟེ་ཕྱིར་ལོག་མ་བྱས་པ་དང་མི་ཁག་ཅིག་གིས་ཨ་སྒོར་ཁྲི་ཚོ་མང་པོ་འགྲོ་གྲོན་བཏང་ནས་ཨ་རིར་ཐར་ཐབས་བཙལ། རྒྱ་ནག་པ་མང་ཆེ་བ་ཐོངས་མཆན་མེད་པར་མེག་སི་ཀོ་ནས་ཨ་རིའི་ས་ཐོག་ཏུ་འཛུལ་ཏེ་འཛིན་བཟུང་ཐེབས། ལོ་ན་༥༡་ལ་སོན་པའི་རྒྱ་མོ་ཏོན་ཁྲུན་ཤཱ་ཟེར་བ་ཞིག་འཇོར་ཇཱི་ཡ་མངའ་སྡེའི་བཀག་ཉར་ཁང་དུ་ཚུད། ཁོ་མོ་ལོ་གཉིས་ཀྱི་རྗེས་སུ་ཁྱོ་ག་དང་བུ་མོ་གཉིས་ལ་ཐུག་འཕྲད་ཀྱི་གོ་སྐབས་ཤིག་ཐོབ། ཁྱོ་ག་དེས་ངའི་ཆུང་མ་སྐམ་པོ་ཆགས་ནས་སྐྲ་ཡང་དཀར་པོར་གྱུར་འདུག བུ་མོས་ཨ་མ་མཐོང་བ་དང་འཐམས་ནས་ངུས་ཏེ་མ་སྨད་གཉིས་ཀྱི་འགྲམ་པ་དང་སྐེ་སོགས་མིག་ཆུས་བརླན་སོང་ཞེས་གསར་འགོད་པར་གླེང་མོལ་བྱས་ཤིང་། རྒྱ་ནག་པ་ཕལ་ཆེ་བས་ཨ་མི་རི་ཀར་སྲིད་དོན་སྐྱབས་བཅོལ་ཞུ་ཡི་ཡོད་ཀྱང་སྲིད་དོན་སྐྱབས་བཅོལ་བའི་ཐོབ་ཐང་མ་རག་པར་བཟའ་ཟླ་བུ་ཕྲུག་ཡ་བྲལ་དུ་འགྲོ་བ་མང་དུ་མཆིས།།
༢༠༢༢་ལོར་ལོ་ན་༥༣་ལ་སོན་པའི་ཏོན་ཁྲུན་ཤཱའི་ཁྱོ་ག་དང་ལོ་༡༨་ལ་སོན་པའི་བུ་མོ་གཉིས་ཀྱིས་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་ནས་ཨ་རིར་ལྷགས། ཁྱོ་ག་དང་བུ་མོ་གཉིས་ཨ་རིར་ཕྱིན་པའི་རྗེས་སུ་ཏོན་ཁྲུན་ཤཱས་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་ཀྱང་མ་སྤྲད། དེ་ནས་ལོ་གཅིག་ལྷག་གི་རྗེས་སུ་ཏོན་ཁྲུན་ཤཱ་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཨི་ཁུའེ་དྷོར་དང་ཀོ་ལིམ་བྷི་ཡ། མེག་སི་ཀོ་བཅས་རྒྱལ་ཁབ་གསུམ་བརྒྱུད་ནས་ཁྲིམས་འགལ་ཐོག་ཏུ་ཨ་རིར་འབྱོར། ཏོན་ཁྲུན་ཤཱ་བཟའ་ཚང་གཉིས་རྒྱ་ནག་གི་སུའུ་ཀྲུག་གྲོང་ཁྱེར་ནས་ཡིན་ཞིང་། དེང་སྐབས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་གནས་འཁོད་རྒྱ་ནག་གི་ཁྲིམས་འགལ་གནས་སྤོ་བ་གཞན་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། ཁོ་པ་༢༠༢༤་ལོར་མོག་སི་ཀོ་བརྒྱུད་ནས་ཨ་རིར་བསླེབས་པ་ཡིན། ཌོ་ནལ་ཊམ་གྱིས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཚོ་ཕྱིར་ཕུད་བྱེད་ཀྱི་ཡོད་པས་རྒྱ་མི་ཚོ་དངངས་སྐྲག་ལང་གི་འདུག ཨ་རིར་གཏན་སྡོད་བྱེད་ཆོག་པའི་ལག་འཁྱེར་ལྗང་ཁུ་རག་ཡོད་པ་ཚོ་ལའང་ཉེན་ཁ་འཕྲད་སྲིད་ཅེས་བཤད།།
ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་ཁ་པར་ནང་དུ་སྐད་ཆ་བཤད་མཁན་རྒྱ་མི་དེས་ངས་ཞི་ཅིན་ཕིང་ལ་ཡོངས་གྲངས་སུ་སྐྱོན་བརྗོད་བྱས་ཡོད་པས་ཨི་རིར་བྲོས་བྱོལ་དུ་མ་ཡོང་ཐབས་མེད་བྱུང་སོང་། ངས་སྲིད་དོན་སྐྱབས་བཅོལ་ཞུ་ཡི་ཡོད། ང་ལ་སྲིད་དོན་སྐྱབས་བཅོལ་བའི་ཐོབ་ཐང་རག་རྒྱུའི་རེ་བ་ཡོད། ཌོ་ནལ་ཊམ་གྱི་སྲིད་ཇུས་འདིར་ང་མོས་མཐུན་མེད་ཀྱང་ཨ་རིའི་མི་དམངས་ཀྱིས་བདམས་པ་རེད། ང་ཚོས་འདི་ལ་བྱ་ཐབས་ཅི་ཡང་མི་རྙེད། མི་ཚང་མ་ངེས་གཏན་མེད་ས་ཞིག་ཏུ་བསླེབས་པ་དང་ང་ཚོའི་མདུན་ལམ་ནི་ངེས་གཏན་མེད་པ་ཞིག་རེད་ཅེས་བཤད། རྒྱ་ནག་ནས་ཡོང་བའི་ཕྱི་མི་གཞིས་ཆགས་པའི་ཁྲིམས་རྩོད་པ་ཁྲེན་གྱིས་ཨ་རིར་གནས་སྡོད་བྱེད་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་མེད་མཁན་རྒྱ་ནག་པ་ཚོ་རང་ཡུལ་དུ་སློག་རྒྱུའི་ཉེན་ཁ་ཆེན་པོ་འདུག སྤྱི་མཐུན་ཚོགས་པས་གྲོས་ཚོགས་གོང་འོག་གཉིས་བཟུང་ཡོད་པ་དང་ཆེས་མཐོའི་ཁྲིམས་ཁང་དུ་རྙིང་ཞེན་ཅན་གྱི་ཁྲིམས་ཞིབ་པ་མང་བ་འདུག་ཅེས་བསྟན།།
༢༠༡༨་ཀྱི་གཞུག་ཏུ་པྲོག་དབྱིབས་ནད་དུག་ཁྱབ་པ་དང་འཛམ་གླིང་ཡོངས་ལ་འགྲིམ་འགྲུལ་འགགས་ནས་ཨ་རིར་ཁྲིམས་འགལ་དུ་བསྡད་ཡོད་པའི་རྒྱ་ནག་པ་རྣམས་ཕྱིར་སློག་མ་ཐུབ། གལ་ཏེ་ཨ་མི་རི་ཀས་ཕྱིར་སློག་བྱས་ཀྱང་རྒྱ་ནག་གིས་རང་གི་སྤྱི་དམངས་དེ་རྣམས་མ་བླངས། ཨ་རིའི་གཞུང་གིས་རྒྱ་ནག་པ་འབུམ་ཕྲག་མང་པོ་ཨ་རིའི་ས་ཐོག་ཏུ་ཁྲིམས་འགལ་བྱས་ནས་བསྡད་འདུག རྒྱ་ནག་གཞུང་གིས་རང་གི་སྤྱི་དམངས་དེ་རྣམས་ཕྱིར་ལེན་མ་བྱས་ན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་ཞེས་སྡིགས་ར་བསྐུལ། ཌོ་ནལ་ཊམ་གྱིས་སྲིད་འཛིན་ཟུར་པ་ཇཱོ་བྷ་ཌན་གྱི་དུས་སུ་ཨ་མི་རི་ཀར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ས་ཡ་མང་པོ་ཡོང་དུ་བཅུག་པ་རེད་ཅེས་སྐྱོན་བཙུགས། བྷ་ཌན་གྱི་གཞུང་གིས་༢༠༢༤་གཅིག་པུར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་༢༧༡༤༨༤་ཨ་རི་ནས་བསྐྲད།།
ཨ་མི་རི་ཀར་འཛམ་གླིང་ཡུལ་གྲུ་ཁག་ནས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཡོང་ས་གཙོ་བོ་ཞིག་ནི་ཨ་རིའི་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མེག་སི་ཀོ་དང་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁེ་ན་ཌི་གཉིས་ཡིན་ཞིང་། དེར་བརྟེན་སྲིད་འཛིན་ཊམ་གྱིས་མེག་སི་ཀོ་དང་ཁེ་ན་ཌ་གཉིས་ཀྱིས་རང་གི་ས་མཚམས་མ་བཀག་ཚེ། ཨ་རིའི་གཞུང་གིས་ཕྱི་ཟླ་༢་པའི་ཚེས་༡་ནས་མེག་སི་ཀོ་དང་ཁེ་ན་ཌའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་རྒྱུའི་ཐག་བཅད། ཕོ་བྲང་དཀར་པོའི་བདེ་སྲུང་སློབ་སྟོན་ཁང་གི་མགྲིན་ཚབ་པ་བྷ་རེན་ཧིའུ་སི་(Brain Hughes)་ཡིས་ཨ་རིར་ཁྲིམས་འགལ་དུ་བསྡད་ཡོད་པའི་ཕྱི་མི་གཞིས་ཆགས་པ་རྣམས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་ལེན་དགོས། ཉེ་བའི་ལོ་ཤས་ཤིག་ནས་ཨ་རིའི་ལྷོ་ཕྱོགས་ནས་རྒྱ་ནག་པ་ཚོ་ཐོངས་མཆན་མེད་པར་ཁྲིམས་འགལ་བྱས་ནས་ཡོང་རྒྱུ་ཇེ་མང་དུ་ཕྱིན་སོང་ཞེས་བཀྲལ། རྒྱལ་ཁབ་གང་གིས་རང་གི་སྤྱི་དམངས་ཕྱིར་ལེན་མ་བྱས་ན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་དེའི་དངོས་ཟོག་ལ་སྒོ་ཁྲལ་སྤར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་དང་པོའི་ཚེས་༢༨་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལས་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཊམ་ནས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་དང་ཉེས་ཅན་ཚོ་ཕྱིར་ཕུད་གཏོང་གི་ཡོད་པར་ཨ་རི་བ་བརྒྱ་ཆ་༨༨་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀས་ཕྱི་མི་གཞིས་ཆགས་པའི་ལམ་ལུགས་སྦོ་ལུག་ཡོད་པར་ལྟ་ཚུལ་གཅིག་ཏུ་མཐུན། ༢༠༢༣་ལོར་ཨ་རི་དང་མེག་སི་ཀོའི་ས་མཚམས་ནས་ཁྲིམས་འགལ་གྱི་ཕྱི་མི་གཞིས་པ་རྒྱ་མི་༢༤༠༠༠་འཛིན་བཟུང་དང་༢༠༢༤་ལོར་༣༦༠༠༠་འཛིན་བཟུང་བྱས་འདུག སྔ་ལོ་ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གིས་ཁྲིམས་འགལ་དུ་བསླེབས་པའི་རྒྱ་ནག་པ་ཚོ་རྒྱ་ནག་ལ་ཕྱིར་སློག་ཐེངས་གསུམ་བྱས་ཤིང་། པྲོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ཉམས། རྒྱ་ནག་གི་དམར་ཤོག་སྲིད་གཞུང་དེ་གདུག་རྩུབ་ཆེ་དྲགས་པས་མི་དམངས་རྣམས་འུ་ཐུག་ནས་ཨ་མི་རི་ཀར་སྐྱབས་བཅོལ་དུ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།