ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

གསུམ་བཅུའི་དུས་དྲན་སྔ་རོལ་འདིར་མཚོ་སྔོན་ཕྱོགས་སུ་དམ་དྲག


March 9, 2019
March 9, 2019

༄༅།། ༢༠༢༡་ལོའི་ཕྱི་ཟླ་༣་པའི་ཚེས་༡༠་ནི་ཐོག་མར་༡༩༥༩་ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་དམངས་ཀྱིས་རང་དབང་སྒེར་ལངས་བྱས་ནས་ལོ་༦༢་འཁོར་བའི་དུས་དྲན་ཡིན་ཞིང་། ད་ལོའི་གསུམ་བཅུའི་དུས་དྲན་འདིར་བོད་ཀྱི་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་འགྲོ་སྐྱོད་བཀག་སྡོམ་ནན་པོ་བྱེད་འགོ་ཚུགས་འདུག་ཅེས་མིང་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག མི་དེས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བའི་སྟབས་ཀྱིས་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཡུལ་ཤུལ་དང་མགོ་ལོག་སོགས་སུ་འགྲོ་འོང་བྱེད་མཁན་སྤྱི་སྒེར་གཉིས་ཀྱི་འགྲུལ་བཞུད་རླངས་འཁོར་ལ་བརྟག་དཔྱད་ནན་པོ་བྱེད་འགོ་ཚུགས་ཡོད་ཅིང་། གཙོ་བོ་རླངས་འཁོར་ནང་དུ་རྡོ་སྣུམ་འཁྱེར་གི་ཡོད་མེད་དང་མཚོན་ཆའི་རིགས་ཡོད་མེད་ལ་འདྲི་ཞིབ་དང་ཞིབ་བཤེར་བྱེད་བཞིན་འདུག་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་འཐད་དུ་བརྗོད་དོན་ལྟར་ན། དེ་སྔ་ཁོ་པའི་སྤུན་མཆེད་ཅིག་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ནས་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་མྱོང་ཡོད། སྤུན་མཆེད་དེ་གློད་གྲོལ་ཐོབ་མ་ཐག་ཏུ་ཟླ་བ་རེ་རེར་ས་གནས་ཉེན་རྟོག་ཁང་དུ་འགྲོ་དགོས་བ་དང་ལོ་གཅིག་ཡས་མས་ཤིག་གི་གཞུག་ནས་ཟླ་བ་༣་རེའི་མཚམས་སུ་ཉེན་རྟོག་ཁང་དུ་སོང་སྟེ་འགྲོ་འདུག་ཐོ་འགོད་དང་གཞུང་གི་བཀའ་རྒྱ་ལ་མ་འགལ་བར་བསྡད་ཡོད་ཅེས་ཁས་ལེན་ཡི་གེ་འབྲི་དགོས་ཀྱི་འདུག ཕྱི་ཟླ་༣་པ་འདིར་གསུམ་བཅུའི་དུས་དྲན་ཁེལ་གྱི་ཡོད་པས་ས་གནས་ཉེན་རྟོག་ཁང་གི་བརྡ་ཐོ་ཡང་ཡང་འབྱོར་ནས་ཟླ་མཇུག་བར་དུ་རང་ཁྱིམ་དུ་སྡོད། ས་གནས་གཞན་ལ་འགྲོ་མི་ཆོག གལ་སྲིད་དོན་དག་གལ་ཆེན་གྱི་དབང་གིས་ཁྱིམ་ནས་ས་གནས་གཞན་ལ་བསྐྱོད་དགོས་ན་ངེས་བར་ཏུ་ཉེན་རྟོག་ཁང་ལ་སྙན་གསེང་ཞུ་དགོས་ཞེས་བཀའ་བཏང་འདུག

སྦྱིར་ངེད་ཀྱི་སྤུན་མཆེད་གཅིག་པུར་དེ་ལྟར་དམ་དྲག་དང་རང་དབང་བཀག་སྡོམ་བྱས་པ་ནི་མ་རེད་། ངེད་ཀྱི་སྤུན་མཆེད་ལྟ་བུ་རྒྱ་གཞུང་གིས་ཞྭ་མོ་ནག་པོ་བཙན་གཡོགས་བྱས་ཡོད་པའི་བོད་པ་ཆབ་སྲིད་བཙོན་ཟུར་ཚང་མར་གསུམ་བཅུའི་དུས་སྐབས་སུ་དམ་དྲག་གཅིག་མཚུངས་བྱེད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་། འདི་དང་དུས་མཚུངས་སུ་བོད་ཕྱི་ལོགས་ཀྱི་གནས་ཚུལ་འབྱུང་ཁུངས་ཤིག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱི་ཡུལ་ཤུལ་ཕྱོགས་སུ་ཞིབ་བཤེར་ས་ཚིགས་གསར་འཛུགས་དང་ཟླ་རྗེས་མའི་བར་དུ་ཡར་མར་འགྲོ་སྐྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ། གལ་སྲིད་ངེས་བར་དུ་འགྲོ་དགོས་བྱུང་ན་ཉེན་རྟོག་ཁང་དུ་ཐོ་འགོག་བྱེད་དགོས་བའི་དམིགས་བསལ་དམ་དྲག་བྱེད་མགོ་བརྩམས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG