ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་གཞུང་གིས་བོད་པ་བསྟན་འཛིན་ཞེས་པ་ཞིག་འཛིན་བཟུང་།


༄༅།།རྒྱ་ནག་གཞུང་གིས་བོད་ལྗོངས་གཞིས་རྩེ་ས་ཁུལ། གཉའ་ལམ་རྗོང་གི་ཟུར་མཚོ་ཤང་། རྣམ་གླིང་གྲོང་ཚོའི་ལོ་ན་༣༧་ལ་སོན་པའི་བོད་པ་བསྟན་འཛིན་ཟེར་བ་ཞིག་གིས་སྐད་འཕྲིན་ཚོགས་པ་བཙུགས་ཏེ་ཆབ་སྲིད་ཀྱི་སྐད་ཆ་བཤད་པའི་ཉེས་མིང་འོག་༢༠༡༩་ལོའི་ཕྱི་ཟླ་༡་ནང་འཛིན་བཟུང་གིས་གཞིས་རྩེ་ཉ་རི་བཙོན་ཁང་དུ་ལོ་གཅིག་དང་ཟླ་བ་བཞིའི་རིང་བཙོན་དུ་བཅུག ༢༠༢༠་ལོའི་ཕྱི་ཟླ་༥་ ནང་གློད་གྲོལ་ཐོབ། ཡིན་ནའང་ད་དུང་ཡང་རྒྱ་ནག་གཞུང་གིས་ལྟ་སྲུང་དང་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་ཅིང་། བསྟན་འཛིན་གྱིས་སྐད་འཕྲིན་ཚོགས་པ་བཙུགས་ཏེ་སོ་སོ་ཚོགས་གཙོ་ཡང་བྱས་པ་དང་ཚོགས་པ་དེའི་ནང་རྒྱ་གར་དང་བལ་ཡུལ་སོགས་སུ་ཡོད་པའི་བོད་པ་མང་པོ་ཞིག་མཉམ་ཞུགས་ཀྱིས་ཆབ་སྲིད་གླེང་མོལ་བྱས་པའི་ཉེས་མིང་འོག་གཞིས་ཀ་རྩེ་ནས་རྒྱ་མིའི་ཉེན་རྟོག་པ་ཡོང་སྟེ་བཙན་ཁྲིད་བྱས་པ་རེད་ཅེས་མིང་བརྗོད་འདོད་མེད་པའི་བོད་དུ་ཡོད་པའི་བསྟན་འཛིན་གྱི་གྲོགས་པོ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་འདུག

བསྟན་འཛིན་བཙོན་ཁང་དུ་ལོ་གཅིག་དང་ཟླ་བ་བཞིའི་རིང་བཅུག་པ་དེའི་སྐབས་སུ་ཕ་མ་སྤུན་མཆེད་སུ་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་ཁོང་གི་གནས་སྟངས་ཀྱང་སུ་གཅིག་གིས་མི་ཤེས་པར་གྱུར། བསྟན་འཛིན་འཇུ་བཟུང་བྱས་པ་དང་དུས་མཚུངས་བཟའ་མི་འགའ་ཞིག་ལ་དོགས་པ་བྱས་ཏེ་ཁ་པར་ནང་དུ་ཕྱིའི་རྒྱལ་ཁབ་ལ་འབྲེལ་བ་ཡོད་མེད་རྩད་ཞིབ་ཀྱིས་བདུན་ཕྲག་གཅིག་རིང་ལག་ཐོགས་ཁ་པར་བཙན་འཕྲོག་བྱས་ནས་ཞིབ་བཤེར་བྱས་འདུག
ད་ལྟའི་ཆར་བསྟན་འཛིན་བཙོན་གྲོལ་ཐོབ་ཀྱང་སྤྱི་མཚུངས་ཀྱི་ཐོབ་ཐང་གང་ཡང་མེད་པར་མ་ཟད། མཐའ་མཚམས་རོགས་དངུལ་དང་འབྲུ་རིགས་རོགས་སྐྱོར་མཚམས་འཇོག་བྱས་པ་དང་ལས་ཀའི་གོ་སྐབས་མི་སྤྲོད་པ། དངུལ་ཁང་ནས་དངུལ་བུན་མི་བསྐྱི་བ། བུ་ཕྲུག་ལ་སློབ་གྲྭར་ཞུགས་ཆོག་པའི་གོ་སྐབས་མི་སྤྲོད་པ། གཉའ་ལམ་དང་གཞིས་རྩེ་སོགས་སུ་འགྲོ་སྐྱོད་བྱེད་པར་སྐབས་འཕྲལ་ཉེན་རྟོག་པར་སྙན་སེང་ཞུ་དགོས་ཀྱི་འདུག་ཅེས་བལ་ཡུལ་ནས་མིང་བརྗོད་འདོད་མེད་པའི་བསྟན་འཛིན་སློབ་གྲོགས་ཤིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག

བསྟན་འཛིན་ནི་༢༠༠༧་ལོར་བཙན་བྱོལ་དུ་བསླེབས་ཏེ་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཉིས་ལྷག་ལ་སློབ་སྦྱོང་བྱས་ཤིང་། ༢༠༠༩་ལོར་སླར་ཡང་བོད་དུ་ཕྱིར་ལོག་བྱས་རྗེས་རྒྱ་ནག་གཞུང་གིས་ཟླ་བ་བཞིའི་རིང་ལམ་རོགས་ཀྱི་ལྷན་དུ་བཙོན་ལ་བཅུག་ནས་རྒྱ་གར་དུ་སློབ་གྲྭ་གང་དུ་ཕྱིན་ཡོད་པ་དང་བཙན་བྱོལ་བའི་གནས་སྟངས་སྐོར་འདྲི་རྩད་མང་པོ་བྱས་ཡོད་འདུག ད་ལྟའི་ཆར་བསྟན་འཛིན་དང་ཕ་མ་སྤུན་མཆེད་ཚོར་རྒྱ་གཞུང་གིས་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG