སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་བཅས་ལས་གྲུབ་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་རྒྱལ་ཁབ་ཌན་མག་རྒྱལ་ས་ཀོ་པན་ཧཱ་གན་དུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༣ ནས་དབུ་འཛུགས་ཀྱིས་བོད་དོན་ཞུ་སྐུལ་གནང་སྟེ་ད་ཆ་མཇུག་སྒྲིལ་ཡོད་པ་རེད།
ཁོང་རྣམས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Mr.Anders H Andersen) ལགས་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་། ནུབ་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པས་ཆེད་འཛུགས་གནང་བའི་མང་གཙོ་མནའ་འབྲེལ་མཐུན་ཚོགས་སྤྱི་ཁྱབ་འགན་འཛིན་དང་། ལས་འཆར་འགན་འཛིན་སོགས་གནད་ཡོད་མི་སྣ་ཁག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་སོགས་ཕུལ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་མང་གཙོ་གསོལ་རས་ཇི་ལྟར་བསྩལ་བ་ལས་འཕྲོས་ཏེ་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དང་འཕེལ་རིམ། འོས་བསྡུའི་གནས་སྟངས། མ་འོངས་པར་མཉམ་ལས་གནང་ཕྱོགས་སྐོར་དང་། ཚོགས་པ་འདིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་སྡིངས་ཆ་སོགས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག་སོགས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་གདན་ཞུ་གནང་སྟེ་༸གོང་ས་མཆོག་གི་མཛད་འཕྲིན་སྤྱི་དང་། ཁྱད་པར་དུ་མང་གཙོ་དང་འབྲེལ་བའི་ཐུགས་བཞེད་ཇི་ཡོད་རྣམས་ངོ་སྤྲོད་ཡོང་ཐབས་སྐོར་བཅས་ཞུས་པར་ཞལ་བཞེས་གང་ལེགས་ཐོབ།
གཞན་ཡང་དེང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཡི་རྒྱལ་ཁབ་ཁག་ཏུ་ཡང་ཡང་ཕེབས་རྒྱུའི་གོ་སྐབས་མེད་པར་བརྟེན་གཞོན་སྐྱེས་དོ་སྣང་ཅན་རྣམས་ལ་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཁག་རྒྱུས་སྟོན་ཡོང་ཐབས་སོགས་ཞུས་གནང་ཡོད་འདུག
གླེང་སྟེགས།