ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༡/༡༩

བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༣་པའི་ཚེས་༡༥་ནས་འགོ་འཛུགས་ཀྱིས་ཉིན་བཅོ་ལྔའི་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་ཅིང་། དེ་རིང་གྲོས་ཚོགས་ཀྱི་ཉིན་བརྒྱད་པར་བོད་མི་མང་སྤྱི་འཐུས་རྣམ་པས་རྩིས་ལོ་༢༠༢༡་ནས་༢༢་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཆེད་ཧིན་སྒོར་ས་ཡ་༢༦༩༨་ལྷག་གི་གཏོང་ལེན་ཁྲིམས་ཡིག་གཏན་ཕེབས་བྱུང་སོང་ཞེས་ཚོགས་གཞོན་ཨཅྱ་ཡི་ཤེས་ཕུན་ཚོགས་ཀྱིས་སྒྲོགས་སྦྱང་གནང་སོང་།།

འདི་ནི་དཔལ་འབྱོར་བཀའ་བློན་གྱིས་སྔོན་རྩིས་བཀའ་འཁྲོལ་ཞུས་པ་དེའི་ཁོངས་ནས་ཧིན་སྒོར་འབུམ་བརྒྱད་ལྷག་བཅག་པ་ཞིག་ཡིན་འདུག ད་ཐེངས་ཀྱི་གྲོས་ཚོགས་སུ་འཐུས་མི་ཚོ་དང་བཀའ་བློན་རྣམ་པས་ལྷན་ཁང་ཁག་གིས་རྩིས་ལོ་༢༠༢༡་ནས་༢༢་ལོའི་སྔོན་རྩིས་ལ་གྲོས་སྡུར་གྱིས་སྔོན་རྩིས་གཏན་འབེབས་བྱུང་བ་ཞིག་ཡིན་འདུག དེང་སྐབས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་ས་གནས་གང་སར་ནད་ཡམས་ཁྱབ་བརྡལ་ཐེངས་གཉིས་པ་འབྱུང་གི་ཡོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ཁ་སང་རེས་གཟའ་ཟླ་བའི་ཚོགས་དུས་དང་པོའི་ཐོག་ཏུ་འཕྲོད་བསྟེན་ལས་ཁུངས་དང་ཤེས་རིག་ལས་ཁུངས། དེ་བཞིན་ནང་སྲིད་ལས་ཁུངས་བཅས་པའི་རྩིས་ཁྲ་ཁག་ལ་ཞིབ་ཕྲའི་བགྲོ་གླེང་སོགས་གནང་མི་དགོས་པར་སྔོན་རྩིས་གཏན་འབེབས་བྱ་དགོས་པའི་རྒྱུ་མཚན་རྣམས་གྲོས་ཚོགས་སུ་འགྲེལ་བཤད་གནང་སོང་།།

ཁ་སང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་གཙའ་སྣེ་ཚང་དོན་གྲུབ་བཀྲ་ཤིས་ཀྱིས་སྔོན་རྩིས་ལྷག་མ་ཡོངས་རྫོགས་ཀྱི་ཕྱོགས་བསྡོམས་རྣམས་གྲོས་ཚོགས་སུ་སྒྲོགས་སྦྱངས་ཞུས་ཏེ་གྲོས་ཚོགས་ཀྱིས་སྤྱི་མོས་གཏན་འབེབས་བྱུང་ཞིང་། སྔོན་རྩིས་ཀྱི་ལས་རིམ་གྲས་སུ་དབུས་འོས་བསྡུ་ལས་ཁུངས་ཀྱི་དམིགས་བསལ་ཧིན་སྒོར་འབུམ་བརྒྱད་དང་ཆོས་རིག་ལས་ཁུངས་ཀྱི་དམིགས་བཀར་ཧིན་སྒོར་འབུམ་གཅིག་བཅས་ཁྱོན་བསྡོམས་ཧིན་སྒོར་འབུམ་དགུ་བཅག་པར་མ་ཟད། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་རྒྱུན་གྲོན་ཧིན་སྒོར་༡༥༠༠༠་སྤར། བྷེང་ལོར་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་དང་ས་གནས་ཁག་ལྔའི་སྔོན་རྩིས། བལ་ཡུལ་ཤར་ཁུམས་བདེ་ལེགས་གླིང་ས་གནས་འགོ་འཛིན་ཀྱི་དམིགས་བཀར་ཧིན་སྒོར་འབུམ་༦་ལྷག་ཙམ་སྤར་འདུག གྲོས་ཚོགས་འཐུས་མི་ཚོས་གཏོང་ལེན་ཁྲིམས་འཆར་གཏན་འབེབས་གྲུབ་པའི་རྗེས་སུའང་མུ་མཐུད་དུ་ལྷན་ཁང་རིམ་པ་བཞིན་རྩིས་དང་ལས་དོན་སྒྲུབ་ཕྱོགས་ལ་བགྲོ་གླེང་གནང་སོང་། ད་དུང་ལྷན་ཁང་ཁག་གི་སྔོན་རྩིས་ལ་བགྲོག་གླེང་དང་བཀའ་ཤག་གི་གསལ་བཤད། ཁྲིམས་འཆར་ཁག་ཅིག་བཅས་ལས་དོན་བསྒྲུབ་རྒྱུ་ཁག་ལུས་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG