ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

སྤྱི་འཐུས་གྲོས་ཚོགས་ཀྱི་ཉིན་གཉིས་ཀྱི་ལས་དུས་མཇུག་སྒྲིལ།


༄༅།། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༢༢་པའི་འབྲུ་དོན་ལྟར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྐབས་བཅུ་དྲུག་པའི་བཀའ་ཤག་གི་བཀའ་བློན་འོས་མི་བདུན་གྱི་མཚན་དང་ལོ་རྒྱུས་རྣམས་འབུལ་ལམ་ཞུས་པར་གསང་བའི་འོས་ཤོག་འཕངས་ནས་སྐུ་སྐྱེས་མ་གསུམ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་ཐོབ་ནས་བཀའ་བློན་ལ་འོས་འདེམས་བྱུང་ཞིང་། འོས་མི་གཉིས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་བཀའ་བློན་ལ་འདེམས་ཐོན་མ་ཐུབ། འོས་མི་དྲུག་པ་དེར་སྤྱི་འཐུས་ཤིག་གིས་དགག་པ་བརྒྱབ་ནས་བཀའ་བློན་གྱི་འོས་མིའི་ཁོངས་ནས་ཕྱིར་འཐེན་བྱེད་དགོས། དེ་ལྟར་མ་བྱུང་ན་གྲོས་ཚོགས་ཀྱི་ལས་རིམ་ལ་མཉམ་ཞུགས་བྱ་རྒྱུ་མིན་ཞེས་བརྗོད་དེ་འཐུས་མི་ཁག་ཅིག་གྲོས་ཚོགས་ཁང་ནས་ཕྱི་ལ་ཐོན། དེར་བརྟེན་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་བཀའ་བློན་གྱི་འོས་བསྡུའི་ལས་རིམ་རྒྱུན་སྐྱོང་མ་ཐུབ།།

ཕྱི་ཟླ་༡༠་པའི་ཚེས་༡༢་ཉིན་གྲོས་ཚོགས་སུ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བཀའ་བློན་གྱི་འོས་མི་གཞི་དྲུག་པའི་སྔོན་ལ་འོས་མི་བདུན་པ་མཚོན་འདོན་གནང་དགོས་པའི་འབོད་སྐུལ་ཞུས་་ཀྱང་སྲིད་སྐྱོང་གིས་དེ་ལྟར་བྱ་རྒྱུ་སྟབས་བདེ་པོ་མི་འདུག་ཅེས་བཀའ་བློན་གྱི་འོས་མི་དྲུག་པ་དང་བདུན་པ་གཉིས་གྲོས་ཚོགས་ལ་འབུལ་རྒྱུ་ཕྱིར་བསྡུ་བྱས་འདུག ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱི་མཇུག་སྡོམ་གསུང་བཤད་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བསྡོམས་ལ་གྲོས་སྡུར་བྱེད་ཐུབ་མེད་པ་དང་སྤྱི་འཐུས་གསར་པ་ཚོར་ཟབ་སྦྱོང་སྤྲོད་རྒྱུ། དེ་བཞིན་འཚམས་གཟིགས་དང་ས་གནས་ཁག་གི་ལས་རིམ་ཐད་དགོངས་པ་བཞེས་ཡོད་པ་རྣམས་རིམ་པས་ངོ་སྤྲོད་གནང་སྟེ་མ་འོངས་པར་སྤྱི་འཐུས་ཚོ་གྲོས་ཚོགས་སུ་མཉམ་ཞུགས་གནང་ཕྱོགས་ཐད་འབོད་སྐུལ་ཞུས།།

སྐབས་བཅུ་བདུན་པའི་གྲོས་ཚོགས་ཕྱི་ཟླ་༦་པའི་ཚེས་༨་ཉིན་དམ་བཅའ་འབུལ་ཕྱོགས་མི་འདྲ་བ་གཉིས་བྱུང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་ཚོགས་མ་ཐུབ་ཅིང་། ཕྱི་ཟླ་༡༠་པའི་ཚེས་༦་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་ལམ་སྟོན་སྩལ་བ་ལྟར་ཕྱི་ཟླ་༡༠་པའི་ཚེས་༨་ཉིན་འདེམས་ཐོན་སྤྱི་འཐུས་ཚང་མས་སླར་ཡང་དམ་བཅའ་ཕུལ། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༣༨་པའི་འབྲུ་དོན་བཞིན་གྲོས་ཚོགས་འདིའི་ཡུན་ཚད་དམ་བཅའ་ཕུལ་བའི་ཉིན་མོ་ནས་ལོ་ལྔ་ཡིན་པས་༢༠༢༦་ལོའི་ཕྱི་ཟླ་༡༠་པའི་ཚེས་༧ བར་དུ་ཡིན་ཞེས་གསུངས་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG