ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༢/༢༡

རྫ་དབོན་པོ་དགོན་ནས་གྲྭ་བ་བཞི་འཛིན་བཟུང་བཀག་ཉར་བྱས་འདུག 


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་སྔོན་ཕྱི་ལོ ༢༠༡༩ ལོའི་ཟླ་༡༡ ཚེས༧ ཉིན་གྱི་མཚན་མོར་བོད་ཀྱི་ས་ཁུལ་དཀར་མཛེས་བོད་རང་སྐྱོང་ཁུལ་སེར་ཤུལ་རྫོང་རྫ་སྨད་ཡུལ་ཚོའི་ཁོངས་སུ་ཡོད་པའི་ས་གནས་སྲིད་གཞུང་གི་ར་སྐོར་ནང་དུ་བོད་རང་བཙན་བྱེད་དགོས་སྐོར་གྱི་ཡིག་ཆ་བརྒྱ་ཕྲག་མང་པོ་ཞིག་བཀྲམ་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གཞུང་གི་ཉེན་རྟོག་པས་རྫ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ནས་རང་ལོ་༢༠ ཡིན་པའི་དགེ་འདུན་པ་ཀུན་གསལ་དང་། རང་ལོ་༡༨ཡས་མས་ཡིན་པའི་དགེ་འདུན་པ་རྟ་མེ ་རང་ལོ་༡༨ ཡས་མས་ཡིན་པའི་དགེ་འདུན་པ་བསོད་བཀྲ རང་ལོ་༡༨ ཡས་མས་ཡིན་པའི་ཚུལ་ཁྲིམས་བཅས་ཡིག་ཆ་བཀྲམ་མཁན་ཡིན་པའི་དོགས་གཞིའི་འོག་ཕྱི་ཟླ་༡༡པའི་ཚེས་༧་གྱི་མཚན་མོ་དེ་རང་ལ་ཉེན་རྟོག་པས་ཁོ་ཚོ་གྲྭ་ཤག་ནས་འཛིན་བཟུང་བྱས་ཡོད་པར་མ་ཟད། ཁོ་ཚོའི་དགེ་རྒན་ཡིན་པའི་དགེ་འདུན་པ་ཤེར་རྒྱམ་ཡང་སྐབས་དེར་འཛིན་བཟུང་བྱས་ཡོད་པ་རྗེས་སུ་གློད་གྲོལ་བཏང་འདུག་པ་དང་། དགེ་འདུན་པ་གཞན་རྣམས་ད་ལྟ་སེར་ཤུལ་རྫོང་དུ་ཁྲིད་ནས་བཀག་ཉར་བྱས་ཡོད་པའི་སྐོར་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་བཞུགས་པའི་སྐུ་ཞབས་བྱམས་པ་ཡོན་ཏན་ལགས་ཀྱིས་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་ཡོད་པའི་གསལ་བཤད་གནང་སོང་། གོང་གསལ་འཛིན་བཟུང་བཀག་ཉར་བྱས་པའི་དགེ་འདུན་པ་དེ་དག་སྐྱེས་ཡུལ་ས་གནས་གང་ནས་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག

ས་གནས་དེ་གར་དེ་ལྟ་བུའི་རྒོལ་ལས་འགུལ་བྱུང་བའི་རྒྱུ་མཚན་ནི་ལོ་དེར་རྒྱ་ནག་གཞུང་གིས་བོད་མདོ་དབུས་ཁམས་གསུམ་ཁྱོན་ཡོངས་སུ་རྒྱ་ནག་གུང་ཁྲན་ཏང་གི་བཀའ་དྲིན་འོག་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་པའི་སྐོར་གྱི་དྲིལ་བསྒྲགས་རྒྱ་ཆེར་བྱས་ཡོད་པ་དང་། རྫ་དབོན་པོ་ཡུལ་ཚོར་ཡང་རྒྱ་གཞུང་གི་གོང་རིམ་ལས་བྱེད་ལྟ་སྐོར་དུ་ཡོང་བ་དང་སྦྲགས། དེ་སྔོན་རྒྱ་གཞུང་གིས་གསར་དུ་འཛུགས་སྐྲུན་བྱས་པའི་སྡོད་ཁང་གསར་པའི་ནང་དུ་གནས་སྤོས་ཡོད་པའི་འབྲོག་པ་རྣམས་ལ་བཙན་དབང་གིས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མར་བླངས་ནས། མའོ་ཙེ་ཏུང་དང་ཞིས་ཅིན་ཕིན་གྱི་འདྲ་པར་བཤམས་དུ་བཅུག་པ་མ་ཟད། གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་། ཏང་གིས་རོགས་སྐྱོར་མང་པོ་བྱས་ཡོད་ཚུལ་སོགས་མང་ཚོགས་ལ་བཙན་གྱིས་བཤད་དུ་བཅུག་པ་མ་ཟད། ཁོ་ཚོས་གང་བཤད་པ་དེ་དག་ཚིག་ཐོར་ཕབ་པ་དང་བརྙན་བླངས་ནས་དྲ་ལམ་ཁག་ཏུ་ཡང་བཀྲམས་ཡོད་པ་སོགས་རྒྱ་གཞུང་གིས་ཡུལ་མིའི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་བ་སོགས་ལ་བརྟེན་ནས་མང་ཚོགས་འུ་ཐུག་སྟེ་གོང་གསལ་གྱི་ལས་འགུལ་དེ་སྤེལ་བ་ཞིག་རེད།

སྤྱིར་སེར་ཤུལ་རྫོང་རྫ་དབོན་པོ་ཡུལ་དགོན་གཉིས་སུ་ཕྱི་ལོ་༢༠༠༨ ནས་བཟུང་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་བ་ལ་བརྟེན། སྔ་རྗེས་སུ་རྫ་དབོན་པོ་དགོན་པའི་དགེ་འདུན་པ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་དང་བཀག་ཉར་སོགས་བྱས་འདུག

XS
SM
MD
LG