ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

བོད་དོན་ལས་འགུལ་བ་ཚེ་རིང་ཡེ་ཤེས་སྦེལ་ཀོབ་གཞིས་ཆགས་སུ་འབྱོར་བ།


༄༅།། རྒྱ་གར་རྒྱལ་ཡོངས་ཀྱི་བོད་པ་གནས་ཡུལ་ས་གནས་ཁག་ཏུ་འཕྲུལ་རྟ་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ལས་འགུལ་བ་ཚེ་རིང་ཡེ་ཤེས་ཕྱི་ཚེས་༣༠་ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འབྱོར་ཏེ་ས་གནས་འགོ་འཛིན་དང་ཚོགས་པ་ཁག་གི་ལས་སྣེ་ཚོས་ཕེབས་བསུ་དང་སྣེ་ལེན་ཞུས། ཁོང་བོད་མིའི་གཞིས་ཆགས་ཁག་དང་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་ཡོད་པའི་བོད་ཕྲུག་འདུས་སྡོད་ས་གནས་ཁག བོད་པའི་ཚོང་པ་སོགས་བོད་པ་ཡོད་སའི་ས་གནས་ཚང་མར་ཆེད་སྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་འདུག

ཁོང་གི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་དོན་སྲིད་ཇུས་ལ་རྒྱ་གར་གཞུང་གིས་བཟང་ཕྱོགས་ཀྱི་ནུས་པ་འདོན་པར་བོད་པ་ཚོས་རྒྱ་གར་ཡུལ་མི་ཚོར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་དགོས་པ་དང་ལས་འགུལ་གྱི་གོ་རྟོགས་མཐོ་རུ་གཏོང་དགོས་ཞེས་དྲན་སྐུལ་བྱེད་པའི་ཆེད་དུ་ཡིན། ལས་འགུལ་དེར་མང་ཚོགས་ཀྱིས་ངོས་འཛིན་དང་མཐུན་འགྱུར་ཡག་པོ་གནང་དང་གནང་གི་འདུག ངས་ཐོག་མའི་དམིགས་ཡུལ་ལས་ལྷག་པ་ཞིག་འགྲུབ་ཀྱི་འདུག་ཅེས་བཀྲལ།།

དེ་རིང་ཁོང་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་ཐོན་ཏེ་མེང་ལོར་གྲོང་ཁྱེར་དང་དེ་ནས་ཕྱི་དྲོར་མོན་གྷོ་འདོད་རྒུ་གླིང་དུ་འབྱོར་རྒྱུ། དེ་ནས་ཉིན་ཤས་རྗེས་སུ་རྒྱལ་ས་ལྡི་ལིར་ལས་འགུལ་མཇུག་སྒྲིལ་འཆར་ཡོད་ཅིང་། ཁོང་གི་གསར་འགོད་པར་ད་ལྟའི་བར་དུ་དུས་ཡུན་ཟླ་བ་གསུམ་ལྷག་ལ་འཕྲུལ་རྟ་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ལས་འགུལ་སྤེལ་བའི་སྐབས་སུ་ས་གནས་གང་དུ་བསླེབས་ཀྱང་བོད་པ་ཚོས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་དང་ཐུགས་སྨོན་གནང་བར་མ་ཟད། དམིགས་བསལ་གྱི་དཀའ་ངལ་དང་གཟུགས་གཞི་མ་བདེ་བ་སོགས་གང་ཡང་མ་བྱུང་། ད་བར་རྒྱ་གར་གྱི་མངའ་སྡེ་༢༢་ནང་གི་བོད་པའི་གཞིས་ཆགས་དང་ཚོགས་སྡེ་༥༩་ལ་སྐོར་བསྐྱོད་བྱས་ཟིན་ཞེས་འགྲེལ་བརྗོད་གནང་འདུག

ཐོག་མར་ཚེ་རིང་ཡེ་ཤེས་དང་སིམ་ལའི་འཆི་མེད་རྟ་མགྲིན་གཉིས་ཀྱིས་མཉམ་དུ་༢༠༢༡་གི་ཕྱི་ཟླ་༣་པའི་ཚེས་༢༢་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ལས་འགུལ་དེ་འགོ་བཙུགས། དེའི་རྗེས་སུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་རྒྱ་གར་གྱི་ས་གནས་ཁག་ཅིག་ལ་འགྲོ་འོང་བཀག་སྡོམ་བྱས་པ་སོགས་ཀྱིས་ལས་འགུལ་དེ་གནས་སྐབས་རིང་མཚམས་འཇོག་ཐེངས་གསུམ་བྱ་དགོས་བྱུང་ཞིང་། ཚེ་རིང་ཡེ་ཤེས་ནི་བོད་པའི་དྭང་སློབ་དམག་ཞབས་ཟུར་པ་ཞིག་ཡིན་པ་དང་རྒྱ་གར་གྱི་མངའ་སྡེ་ཨུ་ཏར་ཁན་གྱི་ལྡེ་ར་ལྡུན་ས་གནས་སུ་གཞིས་ཚུགས་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་གནས་སྡོད་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG