ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ལྷག་ན་སྔ་མ་དང་ཆད་ན་ཕྱི་མ་ཞུ་བ་ལྟར་འདི་ལོའི་དགུ་ཐུག་གནམ་གང་ལ་ངེས་དགོས་པ།


the Lunar Calendar
the Lunar Calendar

ལོ་ལྟར་གནམ་ལོ་གསར་ཚེས་ཀྱི་སྔ་རོལ་གྱི་ཚེས་ཆ་ཉི་ཤུ་དགུ་ཉིན་སྔར་སྲོལ་ལྟར་བོད་མི་ཚོས་དགུ་གཏོར་གཏོང་སྲོལ་དང་ནང་མི་ལྷན་འཛོམས་ཀྱིས་དགུ་ཐུག་འཐུང་སྲོལ་ལ་སོགས་པའི་བྱེད་སྒོ་སྣ་མང་ཞིག་སྲུང་བརྩི་བྱེད་སྲོལ་ཡོད་པ་བཞིན། བསླེབ་ལ་ཉེ་བའི་བོད་ཤིང་འབྲུག་ལོའི་གནམ་ལོ་གསར་ཚེས་གོང་གི་བོད་ཚེས་ ཉི་ཤུ་དགུ་ དེ་བཞིན་ཆད་ཡོད་པ་བོད་ཀྱི་སྲོལ་རྒྱུན་རྩིས་ལུགས་ཁག་ནང་གསལ་ཡོད་པས་མི་མང་མང་པོ་ཞིག་ལ་བྱེད་སྒོ་དེ་དག་སྲུང་བརྩི་ནམ་དུ་ཞུ་ཕྱོགས་ཐད་ལ་ཐེ་ཚོམ་ཞིག་ངང་གིས་བསླེབ་འོང་བ་བཞིན། དེ་རིང་ཕྱི་ཟླ་ ༢ ཚེས་ ༡ ཉིན་འདི་ག་རླུང་འཕྲིན་ཁང་ནས་འགྲོ་ཕན་སྨན་རྩིས་ཁང་གི་སྐར་རྩིས་སྡེ་ཚན་གྱི་རྒན་སྙན་གྲགས་ལགས་སུ་བོད་ཚེས་ཆད་ལྷག་བྱུང་སྐབས་ཆད་པའི་སྐབས་ཀྱི་བྱེད་སྒོ་དེ་དག་ཚེས་ཆ་སྔ་ཕྱི་གང་དུ་བྱེད་དགོས་པ་དང་། སྐབས་བབ་འདིའི་ལོའི་དགུ་ཐུག་སྐབས་ཀྱི་བྱེད་སྒོ་ཁག་ཚེས་ཆ་སྔ་ཕྱི་གང་དུ་སྲུང་བརྩི་བྱེད་དགོས་མིན་བཅར་འདྲི་ཞུས་པར། བོད་ལུགས་སྐར་རྩིས་གཞུང་ལུགས་ནང་ཚེས་ཆ་ཆད་ལྷག་སྐབས་ཀྱི་ལས་དོན་ཁག་ལྷག་ན་སྔ་མ་དང་། ཆད་ན་ཕྱི་མ་ཞེས་གསལ་བ་ལྟར། འདི་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཆད་པས་ཉེར་དགུའི་བྱེད་སྒོ་དེ་དག་གནམ་གང་ཉིན་བྱེད་དགོས་པ་གསུངས་གནང་སོང་།

གཞི་རྩའི་དགུ་ཐུག་ཞེས་པ་ནི་བོད་ཟླ་ ༡༢ ཚེས་ ༢༩ དགོང་མོར་ཁྱིམ་ཚང་ཚང་མར་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་ཅེས་བག་ཚ་རྫས་དགུ་ཚང་བ་ཞིག་བསྐོལ་ནས་འཐུང་རྒྱུ་དེ་ཡིན་ཞིང༌། དེ་ནི་ལོ་གསར་གྱི་འགོ་འཛུགས་ལྟ་བུ་ཡང་ཡིན་པས། ལོ་གསར་པའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་སོགས་བཀྲ་མི་ཤིས་པ་མི་འབྱུང་ཆེད་བག་གཟན་ལ་མི་གཟུགས་ཀྱི་གླུད་བཟོས་ཏེ་ནོར་དུ་མི་རུང་བའི་རྫ་སྣོད་ཆག་དུམ་ནང་བཞག དེའི་ནང་ནང་མི་སོ་སོས་དགུ་ཐུག་ཕོར་གང་ཐོག་མ་བཏུངས་པའི་ཐུག་ལྷག་དེའི་ནང་བླུགས་ཏེ་གླུད་དང་མཉམ་དུ་བརྫངས་ནས། ནང་མི་རྒན་གཞོན་ཚང་མས་སྤྱི་གཙུག་ནས་རྐང་པའི་བར་བག་རིལ་ཆུང་ངུས་དྲིལ་ཕྱིས་བྱེད་བཞིན་ནང་མི་སོ་སོས། ཨ་ཚ་ཚ་བ། ཨ་ན་ན་བ། ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། ལོ་གཅིག་ཟླ་བ་བཅུ་གཉིས། ཞག་མ་སུམ་བརྒྱ་དྲུག་ཅུའི་ནད་རིགས་བཞི་བརྒྱ་རྩ་བཞི། གེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་གླུད་ཁྱོད་ཀྱིས་འཁྱེར་ཏེ། ཕྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོང་ཞིག ཟེར་བ་སོགས་བརྗོད་མཐར་ལམ་བཞི་མདོར་སྐྱུར་དགོས་པ་ཞིག་ཡིན་པ་རེད། །

གླེང་སྟེགས།

XS
SM
MD
LG