ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

བོད་ཀྱི་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་རྒྱལ་ཚོགས་ཀྱི་ཤེས་ཡོན་ཚན་རྩལ་ཚན་པའི་ཐོ་ཁོངས་སུ་ཚུད་པ།


བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།
བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།

༄༅། །ཉེ་ལམ་བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། པར་མ་རྙིང་ཤོས་ཀྱི་མཚན་ཐོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་ཚན་རྩལ་ཚན་པའི་ཐོ་གཞུང་ངམ་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མིང་ཐོའི་ཁོངས་སུ་ཚུད་ཡོད་པའི་གསར་འགྱུར་ཐོན་ཡོད་པ་བཞིན། སྡེ་དགེའི་པར་ཁང་ནི་ད་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་ཚན་རྩལ་ཚན་པའི་ཐོ་གཞུང་ཁོངས་སུ་ཚུད་པའི་རྣམ་གྲངས་༢༠ པའི་གྲས་ལས་གཅིག་ཡིན་ཞིང་། སྣར་ཐང་པར་ཁང་དང་། ལྷ་སའི་ཞོལ་པར་ཁང་། སྡེ་དགེའི་པར་ཁང་ཞེས་བོད་ཀྱི་པར་ཁང་ཆེན་མོ་གསུམ་ལས་ཆེ་ཤོས་དེའང་ཡིན་པ་དང་། བོད་ལ་ཡོངས་གྲགས་སུ་པར་ཁང་ཆེན་མོ་བདུན་ཞེས་གོང་ཞུས་པར་ཁང་ཆེན་མོ་གསུམ་པོ་དེ་དག་ལས་གཞན་༧རྒྱལ་བ་ལྔ་པའི་(༡༦༡༧-༡༦༨༢)དུས་སྐབས་ཙམ་ནས་བྱུང་བའི་བླ་བྲང་པར་ཁང་དང་། དེ་བཞིན་སྐུ་འབུམ་པར་ཁང་། ར་རྒྱ་དགོན་པའི་པར་ཁང་། ཅོ་ནེའི་པར་ཁང་སོགས་ཡོད་པ་རེད།

བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།
བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།

སྡེ་དགེའི་པར་ཁང་གི་མཚན་དངོས་ལ་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་ཞེས་གསོལ་ཞིང་། སྡེ་དགེའི་རྒྱལ་པོའི་གདུང་རབས་ཞེ་ལྔ་པ་དང་། རྒྱལ་རབས་བཅུ་གཉིས་པ། ཆོས་རྒྱལ་བསྟན་པ་ཚེ་རིང་(༡༦༧༨-༡༧༤༠)དགུང་ལོ་༥༡ ལ་ཕེབས་སྐབས། སི་ཏུ་ཆོས་ཀྱི་འབྱུང་གནས་(༡༧༠༠-༡༧༧༤)མཆོག་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་ཤིང་ཞིག་བཞེངས་ཐུབ་ན་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་ཕན་རླབས་རྒྱ་ཆེ་ཡོང་བའི་དགེ་སྐུལ་གནང་བ་ལྟར། བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་སྤྱི་ལོ་༡༧༢༩ ལོར་སྡེ་དགེའི་རྒྱལ་ས་ལྷུན་གྲུབ་སྟེང་དུ་བཀའ་འགྱུར་འཚལ་པར་གྱི་ལས་གྲྭ་དངོས་སུ་ཚུགས། དེའི་རྗེས་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་སྤྱི་ལོ་༡༧༣༠ ཐམ་པའི་ལོའི་ཟླ་བ་༢ པའི་ཚེས་༣ ཉིན་ལ་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་གིས་ཞུ་དག་པའི་ཐུགས་འགན་རྐང་བཞེས་གནང་སྟེ། ཕོ་བྲང་འཕྱིང་བ་སྟག་རྩེར་བཞུགས་པའི་བཀའ་འགྱུར་ཕྱིས་སུ་ལི་ཐང་པར་མར་གྲགས་པའི་མ་ཕྱི་གཞིར་བཞག་གིས་དེའི་སྟེང་དུ་ཨ་གཉན་པ་པཀྵིའི་ཐུགས་དམ་གྱི་རྟེན་དུ་གྲགས་པའི་བཀའ་འགྱུར་ཤིན་ཏུ་དག་པ་དང་། ཚལ་པ་བཀའ་འགྱུར་དང་། རྒྱལ་རྩེ་ཐེམ་སྤང་མ། སྣར་ཐང་བཀའ་འགྱུར། དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་སོགས་དཔེ་རྒྱུན་རྙིང་གྲས་ཁུངས་དག་ཞེ་གཅིག་ལ་གཞི་བཅོལ་ནས་ལེགས་པར་གཏན་ལ་ཕབ།

བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།
བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།

སྡེ་དགེའི་པར་ཁང་དུ་རྒྱལ་བའི་བཀའ་བསྟན་ལས་གཞན་བོད་ཀྱི་མཁས་པ་ཁག་གི་གསུང་འབུམ་དང་། ལོ་རྒྱུས་དང་གསོ་རིག་སྐར་རྩིས་སོགས་བོད་ལུགས་རིག་གནས་ཆེ་ཆུང་བཅུའི་བསྟན་བཅོས་ཀྱི་ཤིང་པར་ཡོད་པ་དང་། པར་རྐོ་ལག་རྩལ་ལ་དེང་རབས་འཕྲུལ་རིག་གློག་གི་ནུས་པ་སོགས་ཀྱིས་འུར་འདེད་མིན་པར་སྲོལ་རྒྱུན་ལག་རྩལ་རང་གི་ཐོག་ནས་པར་རྐོ་ལག་རྩལ་སྔར་རྒྱུན་འཛིན་མུས་དང་། བོད་ཀྱི་གྲུབ་མཐའ་རིས་སུ་མ་ཆད་པའི་གསུང་རྟེན་པར་ཤིང་གྲངས་༢༡༧༠༠༠ ལྷག་ཡོད་པ་རེད། སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་དེ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་གཏོར་བརླག་ཆེར་མ་ཐེབས་པར་གྲགས་ཤིང་། སྐབས་དེའི་སྡེ་དགེ་ས་གནས་སུ་དམར་ཤོག་དྲུང་ཆེ་དང་པོ་གནང་བཞིན་པའི་བོད་པ་རྒྱ་མིའི་ལས་བྱེད་ཡངས་གླིང་རྡོ་རྗེ་ལགས་ཀྱིས་ཉེན་ཁར་མ་འཛེམས་པར་རྒྱལ་ཁབ་ཀྱི་རིག་དངོས་ཡིན་པའི་མཁས་སྙན་གསུངས་ཤིང་། གོང་རིམ་ལ་སྙན་ཞུ་བཏང་བ་སོགས་ཐབས་ཤེས་གཉིས་ཀྱི་ཐོག་ནས་སྲུང་སྐྱོབ་གནང་ཐུབ་ཡོད་པ་དེང་སང་ཡོངས་གྲགས་ཡིན་པ་རེད།

བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།
བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།

དེའི་རྗེས་རྒྱ་ནག་གི་སྲིད་ཇུས་ཅུང་ཟད་གུ་ཡངས་ཕྱིན་པ་དང་། སྤྱི་ལོ་༡༩༨༦ ལོའི་ཟླ་༩ པའི་ཚེས་༣ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་(༡༩༣༨-༡༩༨༩)མཆོག་སྡེ་དགེ་པར་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཤིང་། ཁོང་གིས་སྐབས་དེར་འཇིག་རྟེན་མིག་འབྱེད་གསུང་རབ་སྡེ། །ལེགས་ཉེས་གསལ་བའི་མེ་ལོང་ཡིན། །རིག་བརྒྱ་འདུས་པའི་གཏེར་མཛོད་ཆེ། །སྐྱེ་རྒུར་ཕན་པའི་སྨན་གྱི་མཚོ། །སྡེ་དགེ་པར་ཁང་ཆེན་པོ་ཞེས། །ཡངས་པའི་ཁྱོན་ལ་ལྷང་ངེར་གྲགས། །སྔོན་རྗེས་བཟང་པོའི་གཞི་ཐོག་ནས། །ཕྱི་རྗེས་ཆེན་པོ་འཇོག་པར་འཚལ། །ཞེས་ཚིག་བཀྲ་བསྔགས་བརྗོད་ཀྱི་ཕྱག་བྲིས་དང་བཅས་སྔར་སྲོལ་རྒྱུན་འཛིན་ཡོང་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད། སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་དེ་བཞིན་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཐོ་ཁོངས་སུ་ཚུད་པ་ནི། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་འགྲོ་བ་མིའི་རིགས་ཀྱིས་དྲན་ཤེས་དང་རིག་པར་གདེང་འཇོག་དང་ངོས་འཛིན་གནང་བ་ཞིག་ཡིན་ཞིང་། སྤྱི་ཟླ་༥ པའི་ཚེས་༧ ཉིན་ནས་ཚེས་༨ ཉིན་སོག་པའི་རྒྱལ་ས་Ulaanbaatar ཝུ་ལན་བྷ་ཐེར་ནས་གཉེར་བའི་འཛམ་གླིང་དྲན་ཤེས་ལས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་པའི་ཐོག་ཐག་གཅོད་བྱུང་འདུག།

བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།
བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་ཚན་རྩལ་ཚན་པས་སྤྱི་ལོ་༡༩༩༢ ལོ་ནས་འཛམ་གླིང་དྲན་ཤེས་ཀྱི་ལས་གཞི་དབུ་ཚུགས་ཡོད་ཅིང་། འཛམ་གླིང་གང་སར་ཡིག་ཚང་དང་དཔེ་མཛོད་ཉར་ཚགས་དང་བརྒྱུད་སྤེལ་གཙོར་བཟུང་གིས་ཚོགས་སྡེ་ཐུན་མོང་གི་དྲན་པ་ཉམས་ཆག་མི་འགྲོ་བའི་ཐབས་ཤེས་འཐེན་བཞིན་པའི་ལས་གཞིའི་རྣམ་གྲངས་ཤིག་ཡིན་པ་རེད། ལས་འཆར་དེས་རིག་གནས་སྣ་མང་གི་ལྟ་གྲུབ་བརྩི་འཇོག་དང་དངོས་ཡོད་གནས་སྟངས་ལ་བསམ་ཞིབ་ཀྱི་ཐོག་ནས་འཛམ་བུ་གླིང་གི་ཡིག་ཚགས་ཀྱི་ཤུལ་བཞག་རྣམས་སྲུང་སྐྱོབ་མཐར་ཕྱིན་ཡོང་ཐོག་འགྲོ་མི་ཚང་མར་སྒོ་འབྱེད་ཀྱི་ལྟ་ཀློག་ཐུབ་པ་བྱ་རྒྱུ་དེ་ཡིན་པ་རེད།

བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།
བོད་ཀྱི་སྡེ་དགེའི་པར་ཁང་ཆོས་འཛོད་ཆེན་མོ།

དེ་བཞིན་ན་ནིང་ལོར་གསོ་རིག་རྒྱུད་བཞི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་ཚན་རྩལ་ཚན་པའི་ཐོ་ཁོངས་སུ་ཚུད་དུས། བོད་ཀྱི་མཁས་པ་ཞིག་གིས་སྤྱི་ཚོགས་དྲ་ལམ་ཐོག་སྤྱིར་འཛམ་གླིང་མཉམ་འབྲེལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། འཛམ་གླིང་ཞི་བདེ་ཐད་ནུས་པ་ཐོན་དགོས་ཀྱང་ནུས་པ་ཚུལ་བཞིན་ཐོན་མེད་པ་དང་། དེའི་ཐོ་ཁུངས་སུ་ཚུད་པར་དགའ་དགོས་དོན་ཅི་ཡང་མེད་པའི་དགོངས་ཚུལ་སྤེལ་ཡོད་པ་དང་། མཚན་སྨོས་འདོད་མེད་པའི་ཆེད་མཁས་པ་ཞིག་གིས་འདི་གའི་གསར་འགོད་པར་ད་ཆ་སྡེ་དགེའི་ཁུལ་དུ་རྒྱ་ནག་གིས་ཆུ་མཛོད་ལས་གཞིའི་རྐྱེན་པས་དབོན་སྟོད་དགོན་སོགས་དགོན་ཁག་དྲུག་བདུན་ཙམ་གྱི་རིག་དངོས་རྩ་ཆེན་རྣམས་ཆུའི་འོག་ཏུ་བསྣུབ་གྲབས་ཡོད་ཅིང་། རྐྱེན་དེ་ལ་བརྟེན་ནས་ཞི་འབོད་བྱེད་མཁན་མི་མང་སྐྱ་སེར་སྡེབ་གཅིག་ཏུ་འཛིན་བཟུང་བཀག་སྐྱིལ་བྱེད་པའི་གནད་དོན་ཚབས་ཆེན་ལྷག་ཡོད་པའི་སྐབས་འདིར། རྒྱ་ནག་གཞུང་གིས་སྡེ་དགེའི་པར་ཁང་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་ཚན་རྩལ་ཚན་པའི་ཐོ་གཞུང་ངམ་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མིང་ཐོའི་ཁོངས་སུ་ཚུད་སྐོར་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་དེ་ནི། གླེང་ཕྱོགས་གཞན་སྒྱུར་གྱི་སྤྱོད་སྟངས་ཤིག་ཡིན་པའི་དོགས་པ་འདུག་ཅེས་ཀྱང་གསུངས་སོང་།

གླེང་སྟེགས།

XS
SM
MD
LG