ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༧/༠༧

ཨ་རིའི་སྐུ་ཚབ་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་ཞུས།


ཨ་རིའི་སྐུ་ཚབ་དོན་གཅོད་སན་ཌི་ར་ཨའོ་ཌི་ཁར་ཀིའི་
ཨ་རིའི་སྐུ་ཚབ་དོན་གཅོད་སན་ཌི་ར་ཨའོ་ཌི་ཁར་ཀིའི་

༄༅།། ཐེ་ཝན་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་ནས་རྒྱ་ནག་གི་བཙན་འཛུལ་འུར་སྒྲོགས་དང་དྲག་པོའི་རྣམ་འགྱུར་ལ་སྐྲག་དགོས་པ་ཞིག་མིན། རྒྱ་ནག་གི་ཉེན་ཁ་དེ་སྣང་མེད་དུའང་གཏོང་མི་ཉན་ཞེས་ལམ་སྟོན་བྱས་འདུག ཕྱི་ཟླ་༦་པའི་ཚེས་༡༧་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་སྐུ་ཚབ་དོན་གཅོད་སན་ཌི་ར་ཨའོ་ཌི་ཁར་ཀིའི་ལོ་གསུམ་གྱི་ལས་དུས་ཚང་སྟེ་ཟླ་བ་རྗེས་མར་འཕོ་འགྱུར་འགྲོ་རྒྱུ་ཡིན་ཞིང་། གཟའ་པ་སངས་ཉིན་སྐུ་ཚབ་དོན་གཅོད་ཨའོ་ཌི་ཁར་ཀིས་གྱེས་བྲལ་གྱི་གཏམ་བཤད་བྱས་པའི་སྐབས་སུ་ཐེ་ཝན་གྱི་ཟླ་གྲོགས་ཚོས་དངངས་སྐྲག་བྱེད་དགོས་དོན་མེད། ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ལྷོད་ཡངས་ཀྱང་གཏོང་མི་ཉན། ང་ཚོར་ཐེ་ཝན་གྱི་གནས་སྟངས་དེ་ཉེན་ཁ་ཅི་ཙམ་ཆེན་པོ་རེད་ཅེས་རྟག་ཏུ་འདྲི་ཡི་འདུག ཐེ་ཝན་ནི་འཛམ་གླིང་གི་ས་གནས་ཉེན་ཁ་ཆེ་ཤོས་དེ་ཡིན་པ་བརྗོད་ཅི་དགོས། ཡིན་ནའང་སྐབས་འགར་ཉེན་ཁ་དེས་གནས་སྟངས་ངོ་མ་མཚོན་དཀའ་ཞེས་བཤད།།

སན་ཌི་ར་ཨའོ་ཁར་ཀིས་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་བཞེས་པའི་རིང་དེར་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་སོང་། ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་དེ་ཨ་རི་དང་རྒྱ་ནག་གི་འཐབ་རྩོད་བར་དུ་རྒྱུན་གནས་ཐུབ་མིན་ཚོད་ལྟ་བུ་ཞིག་ཏུ་གྱུར། རྒྱ་ནག་གིས་ཐེ་ཝན་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན་པ་དང་དམག་རྒྱག་དགོས་ཀྱང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་བསྒྲགས། ཨ་རི་དང་ཐེ་ཝན་གྱི་སྲིད་དོན་པ། གཞུང་འབྲེལ་མི་སྣ་ཁག་དང་མཁས་པ་ཚོས་རྒྱ་ནག་ལ་འཐབ་ཇུས་གང་འདྲ་ཞིག་འཛིན་དགོས་ཀྱི་འདུག ཐེ་ཝན་ལ་མཚོན་ཆ་གང་འདྲ་ཞིག་བཙོང་དགོས་པ་དང་དམངས་གཙོའི་རྒྱལ་ཁབ་ཁག་གིས་མཚོ་འགག་ཕྱོགས་གཉིས་བར་དུ་དམག་འཁྲུག་ལང་སྲིད་པའི་ཛ་དྲག་ཞི་འཇམ་ཇི་ལྟར་གཏོང་དགོས་པ་སོགས་གླེང་།།

ཨ་རིའི་སྐུ་ཚབ་དོན་གཅོད་ཨའོ་ཌི་ཁར་ཀིས་རྒྱ་ནག་གཞུང་དང་རྒྱ་ནག་གི་འགོ་ཁྲིད་ཚོས་ཐེ་ཝན་ལ་ཅི་ཞིག་བྱ་རྒྱུ་ཡིན་པ་དང་འཆར་འགོད་ཇི་ལྟར་བྱེད་ཀྱི་ཡོད་པ་རྣམས་གསལ་པོར་བཤད་ཚེ། ཐེ་ཝན་མི་དམངས་ཀྱིས་ངེས་པར་དུ་དེ་ལ་ཉན་འཇོག་བྱ་དགོས། རྒྱ་ནག་གིས་ལོ་བཅུ་ཕྲག་མང་པོར་འཇིགས་སྣང་བསྐུལ་བའི་སྟབས་ཀྱིས་ཐེ་ཝན་མི་དམངས་རྣམས་སྣང་མེད་དུ་གྱུར་འདུག་ཅེས་བསྟན། རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་སྐམ་མཚོ་གནམ་གསུམ་ནས་དམག་སྦྱོང་བྱས་ཀྱང་ཐེ་ཝན་མི་དམངས་ལ་དངངས་སྐྲག་མ་ལངས། ཐེ་ཝན་པ་མང་ཆེ་བས་རྒྱ་ནག་གི་བཙན་འཛུལ་བྱུང་ན་ཨ་རིས་བར་འགོག་བྱ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་མོད། ཐེ་ཝན་གྱི་སྲིད་དོན་པ་དང་མི་མང་འོས་ཤོག་འཕེན་མཁན་ཁག་ཅིག་གིས་ཨ་མི་རི་ཀས་མཚོ་གླིང་དེར་ངོ་མར་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ཐད་དོགས་ཟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཐེ་ཝན་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དང་བྷ་རིག་ཧམ་ཡུང་སློབ་གྲྭ་ཆེན་མོའི་དགེ་རྒན་བྷ་རེན་ཊི་ཁེ་སི་ཊེན་སན་
ཐེ་ཝན་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དང་བྷ་རིག་ཧམ་ཡུང་སློབ་གྲྭ་ཆེན་མོའི་དགེ་རྒན་བྷ་རེན་ཊི་ཁེ་སི་ཊེན་སན་

ཐེ་ཝན་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དང་བྷ་རིག་ཧམ་ཡུང་སློབ་གྲྭ་ཆེན་མོའི་དགེ་རྒན་བྷ་རེན་ཊི་ཁེ་སི་ཊེན་སན་གྱིས་བཤད་པ་ལྟར་ན། ཨ་རིས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་དང་རྒྱབ་སྐྱོར་བྱེད་སྟངས་ལ་ཚད་བཀག་ཡོད་པ་རེད། ཌོ་ནལ་ཊམ་གྱི་དུས་སུ་ཚད་བཀག་དེ་ཚོར་བརྩི་མེད་བཏང་བས་ང་ཚོས་རང་གིས་རང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་ཁག་ཅིག་མེད་པར་གཏོང་རྒྱུར་ཕན་ཐོགས་བྱུང་སོང་ཟེར། ཨ་རིའི་སྐུ་ཚབ་དོན་གཅོད་ཨའོ་ཌི་ཁར་ཀིའི་སྐབས་དེར་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱུང་ཞིང་། ཡུཀ་རེན་ལ་བཙན་འཛུལ་བྱུང་བ་དེར་ཐེ་ཝན་གྱི་སྤྱི་ཚོགས་སུ་དོ་སྣང་ཆེན་པོ་བྱུང་ནས་བཙན་འཛུལ་དེ་ཐེ་ཝན་ལ་འབྲེལ་བ་ཅི་ཞིག་ཡོད་མེད་བགྲོ་གླེང་འཁྲུག་པོ་བྱུང་།།

ཐོག་མར་༡༩༩༢་ལོར་སན་ཌི་ར་ཨའོ་ཁར་ཀི་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གི་ལས་བྱེད་པར་བསྐོས། ཕྱིས་སུ་ཌབ་ལིན་དང་ཨི་སི་ཊན་བྷུལ། པེ་ཅིང་བཅས་སུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་དང་གཞུང་ཚབ་ཁང་དུ་ལས་འགན་བསྒྲུབས། ༢༠༢༡་ལོར་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བསྐོས་པར་མ་ཟད། ཡུཀ་རེན་གྱི་དམག་འཁྲུག་ལངས་པ་དང་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་སྲིད་པའི་ཉེན་ཁ་ཕྲད། ༢༠༢༢་ལོར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་སོགས་ཐེ་ཝན་དུ་ཕེབས་ཏེ་རྒྱ་ནག་གིས་དམག་སྦྱོང་བྱས་ནས་དཔུང་སྟོབས་ངོམ། ད་ལོ་ཐེ་ཝན་ལ་སྲིད་འཛིན་འོས་བསྡུ་བྱས་ནས་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ལེ་ཆིང་ཏེ་ལ་རྒྱལ་ཁ་ཐོབ། སུན་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སློབ་དཔོན་གོ་ཡུག་རེན་གྱིས་༡༩༧༩་ལོར་ཨ་རིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་བཟུང་། ད་ལྟའི་དུས་སྐབས་འདི་ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་འདྲེས་ཚད་མཐོ་ཤོས་སུ་གྱུར་པ་རེད་ཅེས་བཤད་འདུག

སྐུ་ཚབ་དོན་གཅོད་ཨའོ་ཌི་ཁར་ཀིས་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མི་ཐུབ་པ་དང་ཨ་མི་རི་ཀར་ཐེ་ཝན་སྲུང་སྐྱོབ་བྱ་རྒྱུའི་ཀུན་སློང་ཡོད་པ་མ་རེད་ཅེས་སྒྲོགས་མཁན་གཙོ་བོ་ཞིག་རྒྱ་ནག་རེད། དམངས་གཙོའི་རྒྱལ་ཁབ་ཁག་ཏུ་ཐེ་ཝན་ལ་རྒྱབ་སྐྱོར་བྱ་དགོས་མིན་ཐད་ལྟ་བ་གཅིག་མཐུན་མེད་པ་ཆོས་ཉིད་རེད། ཨ་རིའི་ཕྱི་སྲིད་དང་ནང་སྲིད་ལ་ལྟ་བ་མཐུན་གྱི་མེད་ཀྱང་ཐེ་ཝན་གྱི་རྩ་དོན་ཐོག་ཏུ་སྲིད་དོན་ཚོགས་པ་གཉིས་ལྟ་བ་དང་ལངས་ཕྱོགས་གཅིག་གྱུར་རེད། དེས་ན་ལོ་འདིའི་ཕྱི་ཟླ་༡༡་པའི་ནང་དུ་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱས་ནས་སུ་ལ་རྒྱལ་ཁ་ཐོབ་ཀྱང་ཁྱད་པར་མེད། ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་ཐེབས་སྲིད་མདོག་ཁག་པོ་མ་རེད་ཅེས་ཨ་རིའི་ཆོད་སེམས་ལ་དོགས་སློང་བྱེད་མཁན་ཚོར་ཐབས་མཁས་ཀྱི་སྒོ་ནས་དགག་པ་བརྒྱབ།།

ཉམས་ཞིབ་པ་ཁག་ཅིག་གིས་༢༠༢༧་ལོར་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་ལས་དུས་གསུམ་པ་དེ་ཚང་གི་ཡོད་པ་རེད། ཞིས་ཅིན་ཕིང་གིས་སྲིད་དབང་སྒེར་འཛིན་བྱས་པའི་གྲུབ་འབྲས་ཤིག་སྟོན་པར་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་རྟགས་མཚན་འདུག ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་གྲ་སྒྲིག་བྱ་དགོས་ཀྱི་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་བྷ་ཌན་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གིས་བཙན་འཛུལ་བྱ་རྒྱུའི་དུས་ཚོད་གཏན་འབེབས་བྱས་ཡོད་པའི་དཔང་རྟགས་རྙེད་ཀྱི་མི་འདུག་ཅེས་ལན་བཏབ། རྒྱ་ནག་གི་དམག་དོན་ཚན་རིག་སློབ་གླིང་གི་གཙོ་འཛིན་གཞོན་པ་ཟུར་པ་ཧེ་ལེས་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེའི་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་གྱི་གཏམ་བཤད་དེའི་མགོ་མཇུག་བར་གསུམ་རང་བཙན་གྱི་སྐད་ཆ་རྐྱང་རྐྱང་རེད། ཐེ་ཝན་རང་བཙན་གྱི་ཤི་ལམ་དུ་བསྐྱོད་ན་ཆག་སྒོ་ཆེན་པོ་སློང་གི་རེད་ཅེས་ཉེན་བརྡ་བཏང་འདུག

ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཟུར་པ་ཚུའེ་ཐེན་ཁེས་
ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཟུར་པ་ཚུའེ་ཐེན་ཁེས་

ཕྱི་ཟླ་༦་པའི་ཚེས་༡༦་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ན་ནིང་ཕྱི་ཟླ་༤་པའི་ནང་དུ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཨུར་སུ་ལ་ཝོན་ཌར་ལེ་ཡན་ལ་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོངས་ནས་མཚོ་འགག་ཕྱོགས་གཉིས་འཁོན་ཁར་གཏུག་གི་འདུག རྒྱ་ནག་ཨ་རིའི་གཡོ་འོག་ཏུ་ཚུད་འདོད་མེད་ཅེས་གླེང་མོལ་བྱས་པའི་གནས་ཚུལ་ཐོན། ད་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཟུར་པ་ཚུའེ་ཐེན་ཁེས་ཨེ་ཤི་ཡའི་སྤྱི་ཚོགས་ལ་གཏམ་བཤད་བྱས་པའི་སྐབས་སུ་གཞན་གྱིས་རྙི་འཛུགས་ཀྱི་ཡོད་སྲིད། རྒྱ་ནག་དེའི་རྒྱ་རྙི་ནང་དུ་ཚུད་ཀྱི་མ་རེད་ཅེས་ཞིས་ཅིན་ཕིང་གི་སྐད་ཆ་དེ་བསྐྱར་དུ་བཟློས། རྒྱལ་སྤྱིའི་འཐབ་ཇུས་དང་འབྲེལ་ལམ་ཞིབ་འཇུག་ཁང་གི་ཧྥུ་རི་མན་རྒྱ་ནག་ཞིབ་འཇུག་གདན་སྟེགས་ཀྱི་ཉམས་ཞིབ་པ་ཇུ་ཌི་བྷ་ལན་ཆེ་ཊིས་གཤམ་འོག་གི་ལས་སྣེ་ཚོས་ཞིས་ཅིན་ཕིང་ལ་སྐད་ཆ་དྲངས་པོར་བཤད་ཀྱི་མེད་པའམ། ཡང་ན་ཞིས་ཅིན་ཕིང་གིས་མགོ་མ་ཚོས་པར་སྐད་ཆ་དེ་འདྲ་ཞིག་བཤད་པ་འདྲ་ཞེས་འགྲེལ་བརྗོད་བྱས་པ་ལུང་འདྲེན་བྱས་འདུག

གླེང་སྟེགས།

XS
SM
MD
LG