ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྒྱ་ནག་རྒྱལ་ཡོངས་སུ་ཁང་བུན་སྤྲོད་མཚམས་བཞག་པའི་དོན་རྐྱེན་འབྱུང་བཞིན་པ། 


རྒྱ་ནག་ནང་ས་ཁང་ཁེ་ལས་པ་ཚོས་མི་དམངས་ཀྱི་ལག་ནས་ཁང་པའི་གཏའ་མ་བླངས་རྗེས། ཁང་པ་བརྒྱབ་འཕྲོ་བཞག་པའི་སྣང་ཚུལ་དེ་ནི་དུས་ཡུན་རིང་པོར་གནས་ཡོད་པ་ཞིག་ཡིན་ཞིང་། དེ་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་སྤྱི་ལེ་གཉིས་ཀྱི་བར་ཐག་ལས་མེད་པའི་ཀྲུང་ཤིན་གོ་ཨན་ཧྥུ་ཞེས་པའི་ཁང་པ་དེ། ལོ་༣༠ཙམ་གྱི་རིང་ལ་བརྒྱབ་ཚར་མེད་པར་ལུས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་ཞིང་ཆེན་མང་པོའི་ནང་དེ་དང་རིགས་འདྲའི་དོན་རྐྱེན་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། ཡིན་ནའང་ན་ནིང་ད་ལོར་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཞེས་པ་ལག་ལེན་བསྟར་བ་དེས། རྒྱ་ནག་གི་དཔལ་འབྱོར་ལ་དོ་ཕོག་ཚབས་ཆེ་ཐེབས་བཅུག་ཡོད་པས། ད་ལོའི་སྤྱི་ཟླ་བདུན་པའི་ནང་རྒྱ་ནག་རྒྱལ་ཡོངས་སུ་ཁང་པ་ཉོ་མཁན་ཚོས་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་དངུལ་ཁང་ལ་ཁང་བུན་སྤྲོད་རྒྱུ་མཚམས་བཞག་རྒྱུའི་ངོ་རྒོལ་ལས་འགུལ་ཐེངས་མང་སྤེལ་ཡོད་པ་དང་། གནད་དོན་དེ་ལ་ད་ལྟ་རྒྱ་ནག་རྒྱལ་ཡོངས་ཀྱི་མི་དམངས་དང་། དེ་བཞིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་དང་། གླེང་སློང་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།།

ད་ལོའི་སྤྱི་ཟླ་བདུན་པའི་ཟླ་དཀྱིལ་ཙམ་གྱི་ནང་ཚུད་དུ། རྒྱ་ནག་རྒྱལ་ཡོངས་སུ་ཁང་གླ་སྤྲོད་མཚམས་བཞག་རྒྱུའི་ཡིག་ཆ་༢༧༠ ཙམ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། དེའི་ནང་ནས་ཡིག་ཆ་མང་ཆེ་ཤོས་ནི་ད་ལོའི་སྤྱི་ཟླ་བདུན་པའི་ནང་སྤེལ་བ་ཤ་སྟག་ཡིན་ཞིང་། ལྷག་པར་དུ་རྒྱ་ནག་གི་ཧེ་ནན་ཞིང་ཆེན་དང་། ཧུའུ་ནན་ཞིང་ཆེན། ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་ཆེ་ཁག་སྟེ། དཔེར་ན། ཀྲེན་ཀྲུའུ་དང་ཞི་ཨན། ཝུའུ་ཧན་སོགས་སུ་ས་ཁང་ཁེ་ལས་པ་ཚོས་ཁང་པ་བརྒྱབ་ཚར་མེད་པར་བརྟེན། ཁང་པ་ཉོ་མཁན་ཚོས་རེ་ཐག་ཆད་ནས་ཁང་གླ་སྤྲོད་མཚམས་བཞག་པའི་ལས་འགུལ་ཐེངས་མང་སྤེལ་ཏེ། ས་གནས་དངུལ་ཁང་དང་སྲིད་གཞུང་ལ་གནོན་ཤུགས་ཆེན་པོ་འཕྲད་བཅུག་ཡོད་པ་རེད། ད་ཕན་ཧེ་ནན་ཞིང་ཆེན་ནང་ཁང་གླ་སྤྲོད་མཚམས་བཞག་རྒྱུའི་ཡིག་ཆ་༥༤ ཙམ་ཞིག་འགྲེམ་སྤེལ་བྱས་ཡོད་པ་དང་། དེའི་ནང་ནས་ཧེ་ནན་ཀྲེན་ཀྲུའུ་གྲོང་ཁྱེར་ནས་ཡིག་ཆ་༣༢ སྤེལ་འདུག ད་ལྟ་དངུལ་ཁང་སྲུང་སྐྱོབ་ལྟ་སྐུལ་ལྷན་ཚོགས་ཞེས་པ་དེས་དེ་དོན་ཐག་གཅོད་བྱེད་ཐབས་བྱེད་ཀྱི་ཡོད་ཀྱང་། གནད་དོན་ཐག་གཅོད་བྱེད་ཐབས་ག་རེ་ཡིན་མིན་སོགས་ཕྱིར་བསྒྲགས་བྱས་མེད་པ་རེད། སྲིད་དོན་དབྱེ་ཞིབ་པ་ཚོས་ཁང་པ་བརྒྱབ་འཕྲོ་བཞག་པའི་དོན་རྐྱེན་དེ་ཐོག་མར་སྲིད་གཞུང་ནས་འགོ་བརྩམས་ནས་བྱུང་བ་དང་། དེ་ནས་རིམ་པས་མི་རེ་ངོ་རེའི་ཁེ་ཕན་དང་། དེ་བཞིན་དངུལ་ཁང་གི་མ་རྩ་མ་ལག་དང་ཐད་ཀར་འབྲེལ་བ་དམ་ཟབ་ཆགས་ཡོད་པས། ད་ལྟའི་གནས་བབ་འོག་གནད་དོན་དེ་བཞིན་ཐག་གཅོད་བྱེད་ཁག་པོ་ཡིན་པ་རེད་ཅེས་བརྗོད་འདུག

༢༠༡༠ ལོའི་ཟླ་བཞི་བའི་ནང་། ཧྲང་ཧེ་རུ་འཛུགས་སྐྲུན་བྱེད་བཞིན་པའི་ཐོག་ཚད་༡༣ ཅན་གྱི་ཁང་པ་ཞིག་གློ་བུར་མར་བརྡིབས་པ།
༢༠༡༠ ལོའི་ཟླ་བཞི་བའི་ནང་། ཧྲང་ཧེ་རུ་འཛུགས་སྐྲུན་བྱེད་བཞིན་པའི་ཐོག་ཚད་༡༣ ཅན་གྱི་ཁང་པ་ཞིག་གློ་བུར་མར་བརྡིབས་པ།

འཛམ་གླིང་དངུལ་ཁང་གིས་ད་ལོའི་སྤྱི་ཟླ་དྲུག་པའི་ནང་སྤེལ་བའི་རྒྱ་ནག་གི་དཔལ་འབྱོར་སྙན་ཐོ་ལས་སྡོམ་ཚིག་འཁོད་གསལ་ལ། ༢༠༢༡ ལོའི་ལོ་མཇུག་བར་དུ་རྒྱ་ནག་གི་ས་ཁང་ལས་རིགས་སྐོར་གྱི་མ་དངུལ་འཇོག་ཚད་དེ་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་ཐང་གི་བརྒྱ་ཆའི་༡༣ ཟིན་ཡོད་པ་དང་། གལ་སྲིད་ཚོང་ཟོག་འཁོར་རྒྱུག་གི་འགྲོ་སོང་རྩིས་པ་ཡིན་ན། རྒྱ་ནག་གི་ས་ཁང་ལས་རིགས་སྐོར་གྱི་མ་དངུལ་འཇོག་ཚད་དེ་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་ཐང་གི་བརྒྱ་ཆའི་༣༠ ཙམ་ཟིན་ཡོད་པས། གལ་སྲིད་རྒྱ་ནག་གི་ས་ཁང་ལས་རིགས་ཀྱི་གནད་དོན་དེ་སྙོམ་སྒྲིག་ལེགས་པོ་ཞིག་བྱེད་མ་ཐུབ་ཚེ་རྒྱ་ནག་ལ་དཔལ་འབྱོར་ཉམས་ཉེན་ཆེན་པོ་ཞིག་འབྱུང་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག

གཞན་ཡང་གོང་འཁོད་སྙན་ཐོ་ལས། ཁང་གླ་སྤྲོད་མཚམས་བཞག་རྒྱུའི་ཡིག་ཆ་ལ་ཞིབ་འཇུག་བྱས་པ་བརྒྱུད། ཁང་གླ་སྤྲོད་མཚམས་བཞག་པའི་ཁང་པ་དེ་དག་ལས་ས་ཁང་ཁེ་ལས་ཆེ་ཤོས་ཀྱི་བསྡུར་ཚད་ནི་བརྒྱ་ཆའི་ཕྱེད་ཀ་ཙམ་ཟིན་ཡོད་པ་དང་། ཁང་པ་དུས་ཐོག་བརྒྱབ་ཐུབ་མེད་པའི་གནད་དོན་མང་ཆེ་བ་དེ་ཉེ་བའི་ལོ་བཞིའི་ནང་ཚུད་དུ་བྱུང་ཡོད་ཅིང་། ༢༠༢༢ ལོའི་ལོ་སྟོད་ལ་རྒྱ་ནག་རྒྱལ་ཡོངས་སུ་ཁང་པ་བརྒྱབ་འཕྲོ་བཞག་པ་དང་འབྲེལ་བའི་ཁང་གླ་བུ་ལོན་གྱི་གྲངས་འབོར་ནི། རྒྱལ་ཡོངས་ཁང་གླ་བུ་ལོན་གྲངས་འབོར་ཁྱོན་ཡོངས་ཀྱི་བརྒྱ་ཆའི་༡.༧ ཙམ་ཟིན་འདུག

ཁང་གླ་སྤྲོད་མཚམས་བཞག་རྒྱུའི་ཡིག་ཆ་དེ་བཞིན་ཐོག་མར་༢༠༢༡ ལོའི་སྤྱི་ཟླ་བཞི་པའི་ནང་ཧྲན་ཞི་ཞིང་ཆེན་གྱི་ཐའེ་ཡོན་གྲོང་ཁྱེར་ནང་བྱུང་ཡོད་ཅིང་། ས་གནས་ཀྱི་ཁང་པ་ཉོ་མཁན་ལྔ་སྟོང་ལྷག་ཙམ་གྱིས་ཁང་གླའི་གཏའ་མ་སྤྲོད་འཇལ་བྱས་རྗེས། ཁང་པ་དུས་ཐོག་བརྒྱབ་ཐུབ་མེད་པའི་གནད་དོན་དེ་ལོ་གཉིས་ལྷག་གི་རིང་ལ་ཐག་གཅོད་བྱུང་མེད་སྟབས། མཐར་མི་དམངས་ཚོ་འུ་ཐུག་ཐབས་ཟད་ནས་ས་གནས་ཀྱི་དངུལ་ཁང་དང་། ས་ཁང་དོ་དམ་ལས་ཁུངས། ས་ཁང་ལྟ་སྐུལ་ལས་ཁུངས་སོགས་ལ་ཁང་གླ་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུའི་སྙན་ཞུ་ཕུལ་ནས་ངོ་རྒོལ་བྱས་ཡོད་པར་མ་ཟད། གལ་སྲིད་ཁང་པ་འཛུགས་སྐྲུན་ལེགས་གྲུབ་མ་ཡོང་བར་དུ་མཐའ་གཅིག་ཏུ་ཁང་གླ་སྤྲོད་མཚམས་འཇོག་རྒྱུ་ཡིན་པའི་བརྡ་ལན་སྤྲད་འདུག

ཨ་མེ་རི་ཀ་དང་རྒྱ་ནག་གི་ས་ཁང་ལས་རིགས་སྐོར་ལ་ཆ་རྒྱུས་ཡོད་མཁན་གྱི་ཚོང་པ་ཞིག་གིས། ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་གསལ་ལ། རྒྱ་ནག་གི་ས་ཁང་ལས་རིགས་ལ་རྒྱ་ནག་རང་གི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་དེ་ནི། རྒྱ་ནག་གི་ས་ཁང་ཚོང་གཉེར་བྱེད་མཁན་ཚོས་མི་ཚོའི་ས་ནས་ཁང་པའི་གཏའ་མ་བླངས་ནས་ཁང་པ་དུས་ཐོག་ཏུ་རྒྱག་གི་མེད་པ་དེ་རེད། ཁོ་ཚོས་སྒོར་མོ་དེ་འཁྱེར་ནས་ས་ཉོ་གི་རེད། ས་རིན་དང་ཚོང་ཟོག་གི་རིན་གོང་འཕར་ནའང་། ཁོ་ཚོས་སྒོར་མོ་བསྐྱར་དུ་བསྡུ་རུབ་བྱས་ནས་སོ་སོའི་དོན་དག་བསྒྲུབ་ཀྱི་རེད་བསམ་གྱི་རེད། ཡིན་ཡང་གལ་སྲིད་ས་ཁང་ལས་རིགས་སྤྱིའི་གནས་སྟངས་སྡུག་ཏུ་ཕྱིན་པ་དང་། རྒྱ་ནག་གི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་བྱུང་བ་ཡིན་ན། ཁོ་ཚོའི་བྱེད་སྟངས་དེ་ལམ་ལྷོང་ཡོང་ཁག་པོ་རེད་ལ། སོ་སོས་སོ་སོའི་ལམ་ཁ་དེ་བཀག་ནས། མཐར་མ་རྩ་རྐུབ་རྡིབ་རྒྱུའི་ལམ་ཁ་ཉག་ཅིག་མ་གཏོགས་ལྷག་མེད་ཅེས་འགྲེལ་བརྗོད་བྱས་འདུག

གཞན་ཡང་རྒྱ་ནག་ནང་གི་དཔལ་འབྱོར་རིག་པ་བ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་གསལ་ལ། དོན་དམ་ལ་རྒྱ་ནག་ནང་ཁང་པ་བརྒྱབ་འཕྲོ་བཞག་པའི་དོན་རྐྱེན་མང་པོ་ཞིག་ཁར་ཐུག་དངུལ་ཁང་དང་འབྲེལ་བ་ཆེན་པོ་ཆགས་མེད་པ་རེད། རྒྱུ་མཚན་ཅི་ཞེ་ན། དངུལ་ཁང་ལ་ལྟ་སྐུལ་གྱི་འོས་འགན་མེད་ལ། ས་ཁང་ཁེ་ལས་ནི་དོ་དམ་བྱེད་རོགས་བྱེད་མཁན་ཞིག་ཡིན་པ་ཙམ་ལས། དོན་དམ་ལ་དོ་དམ་གྱི་འགན་ལེན་ཆ་ཚང་ས་ཁང་འཛུགས་སྐྲུན་ལས་ཁུངས་ལ་ཡོད། འོན་ཀྱང་རྒྱ་ནག་གི་ཁོར་ཡུག་དེའི་ནང་དོ་དམ་ནན་མོ་བྱེད་ས་ཁག་པོ་རེད། དེང་སང་རྒྱ་ནག་གི་ས་ཁང་ཁེ་ལས་ཆུང་ཆུང་ཞིག་ལ་ལྟ་སྐུལ་བྱེད་མཁན་ཧ་ལམ་མེད་ཅིང་། དཔལ་འབྱོར་གནས་སྟངས་ཡག་པོ་ཡིན་དུས་ས་ཁང་ལས་རིགས་རྒྱ་བསྐྱེད་གཏོང་བ་དང་བསྟུན་ནས་ཁང་པ་མང་ཆེ་བ་ལ་ཁང་གླ་སྤྲོད་ཐུབ་ཀྱི་ཡོད་རེད། ཡིན་ན་ཡང་དེང་སང་དཔལ་འབྱོར་གནས་སྟངས་ཇེ་སྡུག་འགྲོ་དུས་ས་ཁང་ལས་རིགས་ཀྱི་བྱེད་སྟངས་དེ་ནི་མི་ཚོ་ལ་མགོ་སྐོར་གཏོང་ཐབས་ཤིག་ཆགས་ཡོད་པ་དང་། ཁང་གླ་དུས་ཐོག་སྤྲོད་མཚམས་བཞག་པ་ཙམ་གྱིས་ཁང་པ་བརྒྱབ་རྒྱུ་ཡང་མཚམས་མི་འཇོག་ཀ་མེད་ཆགས་ཡོད། དེང་སྐབས་རྒྱ་ནག་གི་སྡོད་ཁང་བརྒྱ་ཆའི་༩༠ ཙམ་ནི། ཟླ་བ་རེ་རེར་ཁང་གླ་སྤྲོད་རྒྱུར་བརྟེན་ནས་འཛུགས་སྐྲུན་བྱས་ཡོད་པ་ཞིག་རེད། ཁང་གླ་དུས་གཅིག་ལ་སྤྲོད་འཇལ་བྱེད་མི་ཐུབ་མཁན་ཚོ་ལ་མཚོན་ན་ཐབས་ཤེས་དེ་ནི་ཡག་པོ་འདྲ་ཞིག་མཐོང་གི་ཡོད་ཀྱང་། སྲིད་གཞུང་གིས་ས་ཁང་ལས་རིགས་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་བྱེད་དེ། འདས་པའི་ལོ་མང་པོ་ཞིག་གི་རིང་ལ་ས་ཁང་བུ་ལོན་གཡར་རྒྱུ་དེའང་རྒྱ་བསྐྱེད་བཏང་ཡོད་པས། ད་ལྟ་ས་ཁང་ལས་རིགས་དེ་བུ་ལོན་གྱི་ཉམས་ཉེན་འོག་ཏུ་ཚུད་ཡོད་པའི་གནས་སྟངས་ཆགས་ཡོད། རྒྱ་ནག་དམར་ཤོག་གིས་མི་དམངས་ཀྱིས་སྲིད་གཞུང་ལ་ངོ་ལོག་བྱ་རྒྱུར་སྔོན་འགོག་བྱེད་ཕྱོགས་ཐད་དོ་སྣང་ཡོད་པ་ལས་ས་ཁང་ལས་རིགས་ཀྱི་གནད་དོན་དེ་ལ་ལོ་མང་པོ་རིང་ལ་སྣང་མེད་དང་གལ་ཆུང་བརྩིས་ཡོད་པ་རེད། ཁོ་ཚོས་སོ་སོའི་བྱེད་སྟངས་འགྲིག་མིན་ལ་བསམ་བློ་བཏང་མྱོང་མེད་པ་དང་། ད་ལྟ་རྒྱ་ནག་གི་མི་ཚང་མས་ས་ཁང་གི་རིན་གོང་དེ་མུ་མཐུད་ནས་ཡར་འཕར་རྒྱུའི་རྨི་ལམ་སྐྱིད་པོ་གཏོང་གི་ཡོད་པ་དང་། གནས་ཚུལ་མགོ་སྔ་མི་ཤེས་མཁན་མང་པོ་ཞིག་དང་། ས་ཁང་ཁེ་ལས་ཁག་གིས་དུས་ད་ལྟ་ཡང་རྒྱ་ནག་གི་ས་ཁང་ལས་རིགས་དང་། དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་ཡོད་ཅེས་འུར་བརྗོད་བྱེད་ཀྱི་ཡོད་སྟབས། ཉིན་ཞིག་ལ་རྨི་ལམ་དེ་ངེས་པར་དུ་སྦོ་ལུག་གི་རེད་ཅེས་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲགས་ལས་ཁུངས་ནས་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་སྟེ། དཔེར་ན། འཁྱུག་དབྱིངས་དང་སྐད་འཕྲིན་སོགས་སུ་རྒྱ་ནག་ནང་ཁང་པ་བརྒྱབ་འཕྲོ་བཞག་སྟེ་མི་ཚོས་ཁང་གླ་སྤྲོད་མཚམས་བཞག་པའི་དོན་རྐྱེན་སྐོར་གྱི་བརྙན་པར་དང་། རྩོམ་ཐུང་ཡོད་ཚད་ནག་བསུབ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། མ་གཞི་རྒྱ་ནག་གི་ས་ཁང་འཚོང་བའི་ལམ་ལུགས་གཞིར་བཟུང་ན། ཁང་པ་འཚོང་བའི་མ་དངུལ་དེ་གང་བྱུང་བེད་སྤྱོད་གཏོང་མི་ཆོག་པར། ཁང་པ་འཛུགས་སྐྲུན་རང་ཐོག་ལ་འགྲོ་སོང་གཏང་དགོས་པ་གཏན་འབེབས་བྱས་ཡོད་ཀྱང་། དོན་དངོས་ལག་ལེན་གྱི་ཁྲོད་དུ་ལྟ་སྐུལ་ནན་མོ་བྱས་ཐུབ་མེད་པའི་གནས་སྟངས་དེ་རྒྱུན་ལྡན་ཞིག་ཏུ་ཆགས་ཡོད་ལ། ལྟ་སྐུལ་མ་ལག་ཆ་ཚང་ཞིག་ཆགས་ཐུབ་མེད་པ་དེས། ད་ལྟའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ས་ཁང་ལས་རིགས་ཀྱི་གནད་དོན་དེ་ཆགས་བཅུག་པ་རེད།།

XS
SM
MD
LG