ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

༧གོང་ས་མཆོག་གིས་ང་ཚོས་བརྩེ་བའི་བསམ་པ་དང་ཡ་མ་བྲལ་བ་བྱ་དགོས་པའི་བཀའ་སློབ་བསྩལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་༡༤ ་སྔ་ཐོག་འབྲས་ལྗོངས་ནང་ཉིན་གསུམ་གྱི་མཛད་འཕྲིན་ཡོངས་སུ་ལེགས་གྲུབ་ཀྱིས་རྒྱལ་ས་སྒང་ཏོག་ནས་ཐད་འཕུར་གནམ་གྲུ་བརྒྱུད་རྒྱ་གར་ནུབ་སྦེང་གོལ་མངའ་སྡེ་ནང་དུ་རྟེན་གཞི་བྱས་པའི་དཔལྡན་སད་རྒྱུད་གྲྭ་ཚང་དུ་ཆིབས་སྒྱུར་བཀྲིན་བསྐྱངས་པ་དང་ཆབས་ཅིག ས་གནས་སུ་གནད་འཁོད་ཁ་ཐོར་བོད་མི་རྣམས་དང་གཞན་ཡང་འབྲུག་དང་བལ་ཡུལ་སོགས་ནས་ཕེབས་པའི་ཆོས་ཞུ་བ་སྟོང་ཕྲག་ཁ་ཤས་ལ་ཐུགས་བརྩེ་བ་ཆེན་པོས་འཚམས་འདྲི་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀྲིན་བསྩལ་ཡོད་པ་རེད།

སྐབས་དེར་༧གོང་ས་མཆོག་གིས་མང་ཚོགས་རྣམས་ལ་ཐེངས་འདིའི་བྱང་ཤར་ཆིབས་སྒྱུར་ཁྲོད་མང་ཚོགས་ནས་མགོན་པོ་༧གང་ཉིད་མཆོག་ལ་དད་མོས་ཧ་ཅང་ཆེན་པོ་དང་དགའ་ཞེན་ཤུགས་ཆེ་ཡོད་པ་ལ་མངགས་བརྗོད་མཛད་སོང་བ་དང་དུས་མཚུངས་༧གང་ཉིད་མཆོག་ནས་ཆོས་གྲོགས་རྣམས་ལ་གཙོ་བོ་ནང་ཆོས་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བཀྲིན་བསྩལ་སོང་།

ལྷག་པར་དུ་༧གོང་ས་མཆོག་གིས་དངོས་གཞི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བསྐྱངས་པའི་སྐབས། ཆོས་ཀྱི་སྙིང་པོ་སེམས་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཡིན་པ་དང་དེ་ནི་༧གང་ཉིད་མཆོག་གིས་ཉམས་ལེན་གྱི་གཙོ་བོར་འཇོག་གནང་གི་ཡོད་ཅེས། བྱང་ཆུབ་སེམས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ལམ་སྟོན་མཛད་ཡོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རེས་དཔལྡན་སད་རྒྱུད་གྲྭ་ཚང་དུ་ཆིབས་སྒྱུར་བསྐྱངས་ཐེངས་བདུན་པ་ཆགས་ཀྱི་འདུག་པ་དང་། གྲྭ་ཚང་འདིའི་ཐོག་ནས་ས་གནས་ཀྱི་ཁ་ཐོར་བོད་མི་དང་ནང་པའི་དད་ལྡན་པ་གཞན་རྣམས་ལ་ནང་ཆོས་ངོ་སྤྲོད་སོགས་ཀྱི་ལས་རིམ་སྤེལ་མུས་རེད་འདུག

སྤྱིར་ཀ་རྡོར་སྒང་གསུམ་མམ་ཀ་ལེན་སྤང་དང་རྡོ་རྗེ་གླིང་། དེ་བཞིན་སྒང་ཏོག་བཅས་སུ་གནས་འཁོད་ཁ་ཐོར་བོད་མི་རྣམས་ནི་སྔ་མོ་ནས་བོད་ཀྱི་རིག་གཞུང་ལ་ཧ་ཅང་གི་དོསྣང་ཆེན་པོས་གཅེས་འཛིན་གནང་མཁན་དུ་གསུང་སྲོལ་ཡོད་པ་ལྟར། ད་རེས་མགོན་པོ་༧གང་ཉིད་ས་གནས་སུ་༧ཞབས་སོར་འཁོད་སྐབས་མི་སྐྱ་ཕོ་མོ་ཚང་མས་བོད་ཆས་ལེགས་པར་སྤྲད་ནས་བོད་ཀྱི་ཐོུང་མིན་པའི་བཀྲིས་གླུ་གར་སོགས་ཀྱི་ཕེབས་བསུ་ཞུས་གནང་སོང་།

གསར་འགོད་པས་ཐེངས་འདིའི་༧གོང་ས་མཆོག་གིས་མཛད་འཆར་གནས་བཀོད་སྤེལ་ཁྲོད་ཤར་མོན་གྱི་ཡུལ་ནས་ཕེབས་པའི་དད་དམ་གཡོ་བ་མེད་པའི་ཆོས་ཞུ་བ་ཁག་ཅིག་ཐུགས་འཕྲད་ཁྲོད། ཁོང་ཚོས་བླ་མ་ཡང་བསྐྱར་མཇལ་བའི་གསོལ་འདེབས་སྨོན་ཚིག་འདི་ལྟར་ལེན་བཞིན་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ཟླ་༡༢་ཚེས་༡༥ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བཀྲིན་བསྐྱང་གནང་གི་ཡོད་པ་རེད་འདུག

ས་ལུ་ག་ར་ནས་ཨ་རིའི་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་ནོར་བཟང་ཡིན།

XS
SM
MD
LG