ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

༧གོང་ས་མཆོག་ནས་བལ་བོད་གཉིས་ཀྱི་མཚམས་རོལ་ཝ་གླིང་གི་ཡུལ་མི་ཁག་ཅིག་ལ་མཇལ་ཁ་སྩལ་བ།


༧གོང་ས་མཆོག་ནས་བལ་བོད་གཉིས་ཀྱི་མཚམས་རོལ་ཝ་གླིང་གི་ཡུལ་མི་ཁག་ཅིག་ལ་མཇལ་ཁ་སྩལ་བ།
༧གོང་ས་མཆོག་ནས་བལ་བོད་གཉིས་ཀྱི་མཚམས་རོལ་ཝ་གླིང་གི་ཡུལ་མི་ཁག་ཅིག་ལ་མཇལ་ཁ་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་དང་བལ་ཡུལ་གཉིས་ཀྱི་མཚམས་རོལ་ཝ་གླིང་དུ་རྟེན་གཞི་བྱས་པའི་བླ་མ་བཟོད་པ་རིན་པོ་ཆེ་དམ་པ་ཁོང་གི་སློབ་མ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་མགོན་པོ་མཆོག་ནས་སྤྱི་ཟླ་ ༥ ཚེས་ ༢༩ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཁོང་རྣམས་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

མཇལ་ཁ་གྲུབ་མཚམས་སུ་འདི་གའི་གསར་འགོད་པས་མཇལ་ཁའི་སྣེ་ཁྲིད་པ་ཀོ་པཎ་དགོན་པའི་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སུ་མཇལ་ཁ་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ཡུལ་མི་དེ་དག་ནི་ཚེ་འདིར་ནང་པ་གཙང་མ་ཞིག་ཡིན་པ་མ་ཟད་༧གོང་ས་མཆོག་དང་ཞལ་མཇལ་བ་དང་། ཚེ་ཕྱི་མ་ཡང་༧གོང་ས་མཆོག་གི་རྗེས་འབྲང་པའི་སློབ་མ་བྱེད་རྒྱུའི་ཆེད་མཇལ་བཅར་དུ་སླེབས་ཡོད་པ་དང་། བལ་ཡུལ་ནང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རིས་སུ་མ་ཆད་པའི་ཆོས་ལུགས་ནང་བསླབ་པ་སློབ་གཉེར་གནང་སྟེ། དགེ་བཤེས་དང་སློབ་དཔོན་སོགས་ཐོན་པ་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

mount Melungtse
mount Melungtse

དེ་བཞིན་རོལ་ཝ་གླིང་ཞེས་པ་ནི། བལ་ཡུལ་གྱི་བྱང་ཤར་རྒྱུད་རྡོ་ལ་ཁ་རྫོང་ཁོངས་སུ་ཆགས་ཡོད་ཅིང་། ཡུལ་འདི་ནི་བལ་ཡུལ་དང་བོད་ཀྱི་ས་མཚམས་ཧི་མ་ལ་ཡའི་རི་བོ་གནས་མཆོག་ལ་ཕྱི་གངས་ཀྱི་རྭ་བའི་ཤར་ཕྱོགས་དང་། ཤར་ཁུམ་བུའི་ནུབ་ཕྱོགས་གཉིས་དབར་གྱི་ཚེ་རིང་མའི་གངས་རིའི་མདུན་འདབས་སུ་ཆགས་ཡོད་ཅིང་། ཡུལ་གྲུ་ཆུང་ངུ་དེའི་ནང་དུས་རབས་བཅུ་བཞིའི་ནང་བོད་དང་ཤར་ཁུམས་བུ་ནས་གནས་སྤོ་བྱས་པའི་ཤར་པའི་མི་རིགས་ཁོ་ནའི་གནས་ས་ཞིག་ཡིན་འདུག་པ་དང་། ཡུལ་མི་ཚོ་ཞིང་འབྲོག་ལས་ལ་བརྩོན་ཅིང་། ད་ཆ་གངས་འཛེགས་པ་ཧ་ཅང་མང་པོ་ཡོད་པའི་ས་གནས་ཞིག་ཡིན་འདུག་ལ། ས་གནས་དེ་ལ་སྦས་སྐུང་ལུང་གཤོངས་ཞེས་ཀྱང་འབོད་སྲོལ་ཡོད་པ་རེད་འདུག ལུང་པ་དེའི་ནང་མཚོ་གཉིས་ཡོད་པ་དེ་ནི་རོལ་པ་མཚོ་དང་། ཨོ་མི་མཚོ་གཉིས་དང་འབབ་ཆུ་སོགས་ཡོད་པ་མ་ཟད་ཁུལ་དེར་གུ་རུ་རིན་པོ་ཆེའི་ཕུར་པའི་སྒྲུབ་ཁང་དང་། དགོན་པ་སོགས་གནས་མཆོག་ཏུ་བརྩི་སྲོལ་ཡོད་པ་བཞིན་འདི་གའི་གསར་འགོད་པས་གོང་གི་ཡུལ་མི་ཁག་ཅིག་ལ་༧གོང་ས་མཆོག་དངོས་སུ་མཇལ་སྐབས་ཚོར་སྣང་ཇི་བྱུང་སྐོར་ལ་བཅར་འདྲི་ཞུས་པར་དགུང་ལོ་ ༨༠ ཕེབས་པའི་བགྲེས་སོང་ངག་དབང་ཐར་པ་ལགས་དང་། ཉི་མ་མགོན་པོ་རྣམ་གཉིས་ཀྱིས་དེ་རིང་༧གོང་ས་མཆོག་དངོས་སུ་ཞལ་མཇལ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞི་རྩའི་གོང་གི་མཇལ་བཅར་བ་རྣམས་ནི་བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་རོལ་ཝ་གླིང་དུ་ཆགས་པའི་གསང་སྔགས་ཆོས་གླིང་དགོན་པ་དང་། འབྲེལ་ཡོད་མི་སྣས་གོ་སྒྲིག་འོག་སོ་སོའི་བློ་འདོད་ལྟར་བཞུགས་སྒར་དུ་༧གོང་ས་མཆོག་གི་མཇལ་ཁའི་ཆེད་དུ་ཁྲིད་ཀྱི་ཡོད་པ་དང་། དེ་རིང་གི་མཇལ་ཁའི་སྐབས་ཡུལ་དེའི་ཡུལ་མི་༢༦ ཆེད་བཅར་གནང་ཡོད་པ་མ་ཟད། དེ་སྔ་ཡང་ཡུལ་དེ་ནས་ཚོགས་པ་ཁག་གཉིས་ནས་མཇལ་བཅར་ཞུས་ཟིན་གྱིས་ད་ལྟའི་ཆར་ཡུལ་མི་༣༠༠ ཡས་མས་ཤིག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་བྱས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG