ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

༧གོང་ས་མཆོག་གིས་སོག་ཡུལ་གྱི་འདེམས་ཐོན་སྲིད་འཛིན་ལ་འཚམས་འདྲི།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སོག་ཡུལ་གྱི་འདེམས་ཐོན་སྲིད་འཛིན་ལ་འཚམས་འདྲི་དང་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་དབུ་ཁྲིད་ཚོའི་ལྷན་ཚོགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་འཛམ་གླིང་རྒྱལ་ཁབ་དབུལ་ཕྱུག་གཉིས་ཀར་བཏང་སྙོམས་ཤིག་བགོ་འགྲེམ་བྱེད་ཐུབ་པའི་འབོད་སྐུལ་ཞུས་པའི་བཀའ་ཡིག་ཅིག་ལ་མཚན་རྟགས་བསྐྱོན་ཏེ་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༦་པའི་ཚེས་༩་ཉིན་སོག་ཡུལ་དུ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཡོད་ཀྱང་སོག་པོའི་རྒྱལ་ཡོངས་སུ་དམངས་གཙོའི་ལམ་ནས་སྲིད་འཛིན་གྱི་འོས་བསྡུ་བྱས་ཏེ་སོག་ཡུལ་གྱི་སྲིད་བློན་ཟུར་པ་ཨུཀ་ན་ཁུ་རེལ་ཤུག་ལ་འོས་ཤོག་བརྒྱ་ཆ་༦༨་ལྷག་ཐོབ་སྟེ་སོག་ཡུལ་གྱི་སྲིད་འཛིན་ལ་འོས་འདེམས་བྱུང་ཞིང་། ཕྱི་ཟླ་༦་པའི་ཚེས་༡༡་ཉིན་༧གོང་ས་མཆོག་གིས་སོག་ཡུལ་གྱི་འདེམས་ཐོན་སྲིད་འཛིན་གྱི་མཚན་ཐོག་ཏུ་འཚམས་འདྲིའི་བཀའ་ཡིག་ཅིག་སྩལ་སོང་ཞེས་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་གསུངས་འདུག

ཁོང་གིས་༧གོང་ས་མཆོག་གི་བཀའ་ཡིག་དེར་མགོན་པོ་གང་ཉིད་༡༩༧༩་ལོར་སོག་ཡུལ་ལ་ཆིབས་སྒྱུར་ཐེངས་དང་པོ་བསྐྱངས་ནས་བཟུང་། ད་ལྟའི་བར་དུ་སྔ་རྗེས་སུ་སོག་ཡུལ་ལ་ཐེངས་ཁ་ཤས་ཆིབས་སྒྱུར་བསྐྱངས་ཏེ་སོག་པའི་དད་ལྡན་མི་དམངས་རྒན་གཞོན་བར་གསུམ་ལ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་དགོས་པ་དང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་སྦྱོང་བྱེད་དགོས་པའི་ནན་སྐུལ། བོད་དང་ཆེན་པོ་ཧོར་གཉིས་རྒྱལ་བ་སྐུ་ཕྲེང་གསུམ་པའི་སྐབས་ནས་འབྲེལ་བ་བྱུང་སྟེ་ཆོས་རིག་གི་འབྲེལ་བ་ཟབ་མོ་ཡོད་པ་རྣམས་ལུང་འདྲེན་གྱིས་སྲིད་འཛིན་གསར་པས་མ་འོངས་པར་ཆབ་སྲིད་བསྐྱང་བའི་དུས་སུ་མང་ཚོགས་ཀྱི་བདེ་སྡུག་ལ་དགོངས་པ་བཞེས་དགོས་པ་དང་མི་དམངས་ཀྱི་རེ་འདུན་རྣམས་སྐོང་ཐུབ་པའི་རེ་བ་དང་ཐུགས་སྨོན་ཡོད་ཅེས་བཀོད་ཡོད་པ་འགྲེལ་བརྗོད་གནང་འདུག

གཞན་ཡང་ཕྱི་ཟླ་༦་པའི་ཚེས་༡༡་ནས་༡༣་བར་དུ་དབྱིན་ཡུལ་ལ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་འདུ་འཚོགས་བཞིན་པ་དེའི་བརྗོད་གཞི་གཙོ་བོ་ནི་འཛམ་གླིང་ཡོངས་ཀྱིས་ཏོག་དབྱིབས་ནད་དུག་འགོག་བཅོས་ལ་མཉམ་རུབ་དང་འབད་བརྩོན་བྱེད་དགོས་པའི་གྲོས་སྡུར་གནང་གི་ཡོད་ཅིང་། དེར་བརྟེན་༧གོང་ས་མཆོག་གཙོས་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་ཁག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འཛམ་གླིང་རྒྱལ་ཁབ་དབུལ་ཕྱུག་གཉིས་ལ་འདྲ་མཉམ་ཞིག་བགོ་འགྲེམ་བྱེད་ཐུབ་པའི་འབད་བརྩོན་གནང་དགོས་ཞེས་གཞེན་སྐུལ་གནང་བའི་ཕྱག་བྲིས་ཤིག་ཕུལ་འདུག དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་མཆོག་གིས་ནད་དུག་སྔོན་འགོག་ལ་སྨན་ཁབ་རྒྱག་རྒྱུར་རྟག་ཏུ་རྒྱབ་སྐྱོར་གནང་གི་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཉོ་སྒྲུབ་སོགས་ལ་རོགས་དངུལ་གང་ཐུབ་གཏོང་གི་ཡོད་པ་དང་ད་སྔ་སྨན་ཁབ་དུང་ཕྱུར་༩་ལྷག་བརྒྱབ་འདུག འོན་ཀྱང་དཔལ་འབྱོར་ཉམས་ཞན་གྱི་རྒྱལ་ཁབ་ཁག་ལ་སྨན་ཁབ་བརྒྱ་ཆ་གཅིག་ཀྱང་ཐོབ་མེད་པར་མ་ཟད། སྨན་ཁབ་བརྒྱ་ཆ་༨༣་ལྷག་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ཉོས་ཚར་ཡོད་པས་དབུལ་ཕྱུག་གི་ཁྱད་པར་ཐོག་ཏུ་སྨན་ཁབ་རག་གི་མེད་པ་མང་དུ་འགྲོ་བཞིན་འདུག འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་དཔལ་འབྱོར་ཉམས་ཞན་རྒྱབ་ཁབ་ཁག་ལ་སྨན་ཁབ་ཀྱི་མཐུན་རྐྱེན་ཚད་ལྡན་ཞིག་མཁོ་སྤྲོད་ཐུབ་པར་དཔལ་འབྱོར་དང་མཐུན་འགྱུར་གང་སྤྱིའི་ཐད་དུ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་སོང་ཞེས་འགྲེལ་བརྗོད་གནང་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG