ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

བྷའི་ཌན་འོས་བསྡུ་ནས་ཕྱིར་འཐེན་བྱས་པ་དེས་སྲིད་འཛིན་འོས་བསྡུར་གཞི་རིམ་གྱི་འགྱུར་བ་གང་།


ཨ་རིའི་སྲིད་འཛིན་ཇོ་བྷེ་ཌན་གྱིས་ཁོ་རང་བསྐྱར་དུ་འོས་འདེམས་བྱ་རྒྱུ་མཚམས་འཇོག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་རྗེས་མི་རྣམས་ཕོ་བྲང་དཀར་པོའི་ཕྱི་རོལ་དུ་འདུ་འཛོམས
ཨ་རིའི་སྲིད་འཛིན་ཇོ་བྷེ་ཌན་གྱིས་ཁོ་རང་བསྐྱར་དུ་འོས་འདེམས་བྱ་རྒྱུ་མཚམས་འཇོག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་རྗེས་མི་རྣམས་ཕོ་བྲང་དཀར་པོའི་ཕྱི་རོལ་དུ་འདུ་འཛོམས

ཨ་རིའི་ནང་སྲིད་འཛིན་འོས་བསྡུ་བྱེད་པར་ཟླ་བ་བཞི་ཙམ་ལས་མེད་པའི་དུས་འདིར་རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཇོ་བྷའེ་ཌན་གྱིས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་མུ་མཐུད་ཞུགས་རྒྱུ་མིན་ཞེས་གསལ་བསྒྲགས་གནང་པ་དང་ཆབས་ཅིག སྲིད་འཛིན་གཞོན་པ་ཀ་མ་ལ་ ཧེ་རེས་འོས་མིར་རྒྱབ་གཉེར་གནང་གི་ཡོད་ཅེས་གསལ་བསྒྲགས་གནང་ཡོད།

སྲིད་འཛིན་བྷའེ་ཌན་གྱིས་ལས་དུས་གཉིས་པ་གནང་རྒྱུར་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནང་ཞུགས་རྒྱུ་ནས་ཕྱིར་འཐེན་གནང་བའི་གསལ་བསྒྲགས་སྤེལ་བ་དེ་ནི་ལོ་འདིའི་སྲིད་འཛིན་འོས་བསྡུའི་བརྒྱུད་རིམ་ལ་ས་ཡོམ་བརྒྱབས་པ་ལྟ་བུའི་ཡོ་འགུལ་ཆེ་བའི་གནས་ཚུལ་ཞིག་ཆགས་ཡོད། དེའི་རྒྱུ་མཚན་ནི་ད་བར་ལོ་གཅིག་ལྷག་གི་རིང་སྲིད་འཛིན་འོས་བསྡུའི་འགྲན་རྩོད་དེ་ལས་ཐོག་སྲིད་འཛིན་བྷའེ་ཌན་དང་ཁོང་གི་ཁ་གཏད་སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཀྲམ་གཉིས་ཀྱི་དབར་འགྲན་རྩོད་གནང་རྒྱུ་ངེས་པ་ལྟ་བུར་གྱུར་ཡོད་པ་མ་ཟད། ད་བར་འོས་བསྡུའི་དྲིལ་བསྒྲགས་རྣམས་ཀྱང་གནད་དོན་དེར་གཞི་བཞག་སྟེ་སྤེལ་དང་སྤེལ་མུས་རེད། དེ་བཞིན་འོས་མི་གཉིས་ཀ་དགུང་ལོ་མཐོ་བོ་ཡིན་པའི་ངོས་འཛིན་བྱུང་སྟེ་མི་མང་གི་བརྒྱ་ཆ་༥༠ལྷག་གིས་འོས་མི་གཉིས་ཀ་སྐུ་ན་བགྲེས་དྲགས་པའི་བསམ་ཚུལ་བཏོན་ཡོད། ད་ཆ་ལྟ་ཚུལ་དེ་ལ་འགྱུར་བ་སོང་ཡོད་ཅིང། མང་གཙོ་ཚོགས་པའི་ནང་འོས་འཕེན་པ་མང་ཆེ་བས་ད་བར་དགའ་མོས་ཀྱིས་རྒྱབ་སྐྱོར་ཞུ་ཡུལ་སྲིད་འཛིན་བྷའེ་ཌན་གྱི་ཚབ་ཏུ་ཁོང་གིས་རྒྱབ་གཉེར་གནང་བའི་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ ཧེ་རེས་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་ཀྱང་དེ་ལྟར་བྱེད་ཀྱི་ཡོད་མེད་ཚོད་དཔག་དཀའ་བ་རེད།

ཕྱི་ཟླ་དྲུག་པའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་གི་རྗེས་སྲིད་འཛིན་བྷའེ་ཌན་དགུང་ལོ་མཐོ་དྲགས་པ་དང་ཁོང་གི་ལུས་སེམས་གཉིས་ཀའི་འཕྲོད་བཞེས་ལ་བློ་དྭོགས་བྱེད་དགོས་གྱུར། ད་ཆ་ཁོང་གིས་རྒྱབ་གཉེར་གནང་བའི་སྲིད་འཛིན་གཞོན་པ་ཧེ་རེས་ལ་བློ་མོས་ཡོད་པའི་རྣམ་པ་ཐོན་གྱི་ཡོད། དེའི་རྟགས་མཚན་ནི་སྐུ་ཞབས་བྷའེ་ཌན་གྱིས་གསལ་བསྒྲགས་དེ་གནང་རྗེས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་སྦྱིན་བདག་གནད་ཡོད་ཁག་ཅིག་གིས་ལྕམ་ཧེ་རེས་ལ་རྒྱབ་སྐྱོར་ཡོད་པ་གསལ་འདོན་གནང་ཡོད་པ་མ་ཟད། དཔལ་འབྱོར་གྱི་ཞལ་འདེབས་ཀྱང་ཚོུད་ ༢༤ ནང་ཨ་སྒོར་ས་ཡ་བརྒྱ་ལ་ཉེ་བ་ཕུལ་འབྱོར་བྱུང་ཡོད།

དགུང་གྲངས་༥༩ ཡིན་པ་ལྕམ་ཧེ་རེས་ལ་སྐུ་ཞབས་ཌོ་ནལ་ཀྲམ་ལས་འོས་ཤོག་མང་བ་ཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ཁོངས་ཁོང་གིས་གྱོད་འཛུགས་ཁྲིམས་ཞིབ་པ་དང་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་ཡོད་པ་མ་ཟད། སྲིད་འཛིན་གཞོན་པའི་ཕྱག་ལས་གནང་བ་སོགས་ཀྱིས་ཤེས་འཇོན་གཉིས་ལྡན་ཡིན་པ་དང་། མི་རིགས་ནག་པོ་དང་ཨེ་ཤི་ཡའི་མི་བརྒྱུད་འདྲེས་མའི་བེུད་ལས་གནས་དེའི་ཐོག་ཕེབས་མཁན་དང་པོ་ཡིན་པ་བཅས་ཀྱིས་ཁོང་ལ་བེུད་དང་མི་རིགས་ནག་པོ། ཨེ་ཤི་ཡའི་མི་བརྒྱུད་བཅས་ཀྱི་འོས་ཤོག་ཐོབ་སྲིད་པའི་རེ་བ་བྱེད་ཆོག་པ་ཆགས་ཡོད། འོན་ཀྱང་མང་གཙོ་ཚོགས་པའི་ཁྲོད་ད་བར་སྐུ་ཞབས་བྷའེ་ཌན་ལ་འདོད་མོས་ཀྱིས་འོས་ཤོག་འཕེན་འདོད་བྱེད་མཁན་ཁོངས་ནས་ལྕམ་ཀ་མ་ལ་ ཧེ་རེས་ལ་འོས་ཤོག་འཕེན་གྱི་ཡོད་མེད་བརྗོད་དཀའ་བ་རེད། རྩ་བའི་ཀ་མ་ལ་ ཧེ་རིས་ནི་སྲིད་འཛིན་བྷའེ་ཌན་ལས་དགུང་ལོ་ཞེ་དྲག་ཆུང་བ་ཞིག་ཡིན་པའི་ཁེ་ཕན་ཡོད་ནའང།་ འདས་པའི་དུས་སུ་ཁོང་གིས་རང་ཉིད་བཞུགས་གནས་ཁེ་ལེ་ཕོ་ནི་ཡ་ནང་འོས་བསྡུའི་འགྲན་རྩོད་ནང་ཞུགས་སྐབས་མི་མང་གི་དགའ་མོས་ཆེ་བའི་འོས་འཕེན་ཡུལ་ཞིག་མིན་པ་དང་། ཕྱི་ལོ་༢༠༢༠ལོར་སྲིད་འཛིན་འོས་མིའི་འགྲན་རྩོད་ནང་ཞུགས་སྐབས་རྒྱབ་སྐྱོར་དེ་ཙམ་གསོན་མ་ཐུབ་པར་འགྲན་རྩོད་ནས་ཕྱིར་འཐེན་གནང་བ། འདས་པའི་ལོ་གསུམ་ལྷག་ཙམ་གྱི་ནང་སྲིད་འཛིན་གཞོན་པ་གནང་རྒྱུན་དེ་ཙམ་གྱི་འབུར་ཐོན་པའི་བྱས་རྗེས་མེད་པ་སོགས་ལ་གཞིགས་ན། གལ་ཏེ་ཁོང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་བ་ཡིན་ནའང་། ཀྲམ་ཕམ་ཉེས་གཏོང་ཐུབ་རྒྱུ་མིན་པའི་བློ་དཱོགས་བྱེད་མཁན་ཡང་ཡོད།

ཨེ་པི་དང་རུ་ཀྲར་གསར་སྤེལ་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG