ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

མང་གཙོ་ཚོགས་ཁོངས་དང་ཞལ་འདེབས་གནང་མཁན་ཚོ་ནས་ཀ་མ་ལ་ཧེ་རི་སི་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཀྱི་ཡོད་པ།


 སྲིད་འཛིན་སྐུ་གཞོན་པ་ལྕམ་ཀ་མ་ལ་ཧེ་རི་སི་
སྲིད་འཛིན་སྐུ་གཞོན་པ་ལྕམ་ཀ་མ་ལ་ཧེ་རི་སི་

རེས་གཟའ་ཉི་མའི་ཉིན་སྲིད་འཛིན་བྷའི་ཌན་གྱིས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་གནང་བ་དང་ཆབས་ཅིག སྲིད་འཛིན་སྐུ་གཞོན་པ་ལྕམ་ཀ་མ་ལ་ཧེ་རི་སི་ལ་རྒྱབ་གཉེར་གནང་གི་ཡོད་ཅེས་གསལ་བསྒྲགས་གནང་ཡོད། སྲིད་འཛིན་བྷཡེ་ཌེན་གྱིས་གཟའ་ཉི་མའི་ཉིན་ཕྱིར་བསྒྲགས་གནང་བའི་གསར་འགོད་གསལ་བསྒྲགས་དེའི་ནང་ངོས་ཀྱི་ལས་ཡུན་ལྷག་མ་དེའི་རིང་སྲིད་འཛིན་གྱི་ལས་ཁུར་ཚུལ་བཞིན་བསྒྲུབ་རྒྱུ་དེ་ནི་ངའི་སྲིད་དོན་ཚོགས་པ་དང་། རྒྱལ་ཁབ་གཉིས་ཀར་ཕན་ཐོགས་ཆེ་བ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

དགུང་ལོ་༥༩ལ་ཕེབས་པ་ལྕམ་ཀ་མ་ལ་ཧེ་རི་སི་ཡིས་ལམ་གསེང་མང་གཙོ་ཚོགས་པའི་འཐུས་མིའི་ཁོངས་ནས་རྒྱབ་སྐྱོར་ཐོབ་ཐབས་གནང་ནས་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཆགས་ཐུབ་པའི་གསལ་བསྒྲགས་གནང་འདུག མི་འབོར་མང་ཤོས་ཡོད་པའི་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཁེལ་ཕོར་ནི་ཡ་ནས་ཡིན་པའི་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འཐུས་མི་ཡིན་སྐབས་ལྕམ་ཧེ་་རི་སིས་ཕྱི་ལོ་༢༠༢༠འི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་འགྲན་སྡུར་ནང་སྐུ་ཞབས་བྷའི་ཌན་ལྷན་དུ་འགྲན་རྩོད་གནང་སྟེ་ཕམ་ཉེས་བྱུང་རྗེས་སྐུ་ཞབས་བྷའི་ཌན་གྱིས་ལྕམ་ཀམ་ལ་ཧེ་རི་སི་སྲིད་འཛིན་སྐུ་གཞོན་གྱི་འོས་མིར་འདེམས་སྒྲུག་གནང་།

འདི་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་ད་ནས་ཟླ་གསུམ་ཙམ་གྱི་རྗེས་ཏེ་ཕྱི་ཟླ་༡༡པའི་ནང་བྱེད་དགོས་ཀྱི་ཡོད་པས་མང་གཙོ་ཚོགས་པར་གཞི་ནས་གཞི་རིམ་གྱི་འགྲན་སྡུར་བྱས་ཏེ་སྲིད་འཛིན་གྱི་འོས་མི་འདེམས་བསྐོ་བྱ་རྒྱུར་དུས་ཚོད་མེད་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་གྱུར་ཡོད།

ཨ་རི་རྒྱལ་ཡོངས་ཀྱི་བསམ་ཚུལ་བསྡུས་པའི་ནང་སྐུ་ཞབས་བྷའེ་ཌེན་དང་ལྕམ་ཀ་མ་ལ་ཧེ་རི་སི་གཉིས་ཀྱི་མཛད་རྗེས་ལ་རྒྱབ་སྐྱོར་ཞུ་མཁན་མི་མང་གི་བརྒྱ་ཆ་འདྲ་མཚུངས་ཡོད་པ་དང་། བསམ་ཚུལ་གྱི་འོས་བསྡུ་ཁ་ཤས་ཀྱི་ནང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཌོ་ནལ་ཊྲམ་ལས་སྐུ་ཞབས་བྷའི་ཌན་དང་ལྕམ་ཧེ་རི་སི་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་གི་བརྒྱ་ཆ་མཐོ་བ་ཐོན་འདུག

ལྕམ་ཧེ་རི་སི་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་སྲིད་འཛིན་བྷའི་ཌན་གྱིས་རང་གི་ཁ་གཏད་ཊྲམ་ལ་ཁ་གཏད་གནང་རྒྱུ་ཕྱིར་འཐེན་གནང་བ་དེས་ཁོང་གིས་ད་ལྟ་བར་དུ་རྒྱལ་ཁབ་དང་མི་མང་གི་སྲི་ཞུ་གོང་དུ་བཀུར་གནང་ཡོད་པ་དེ་མཚོན་གྱི་ཡོད་པ་དང་། ངོས་ཀྱིས་སྐུ་ཞབས་ཌོ་ནལ་ཊྲམ་ཕམ་ཉེས་གཏང་རྒྱུར་མང་གཙོ་ཚོགས་པ་དང་རྒྱལ་ཁབ་གཉིས་གོང་བུ་གཅིག་ཏུ་བསྒྲིལ་རྒྱུའི་འབད་བརྩོན་ཆེ་བསྐྱེད་བྱེད་ཀྱི་ཡོད་ཅེས་དང་། སྲིད་འཛིན་གྱི་འོས་བསྡུ་བྱ་རྒྱུར་ད་ཆ་ཉིན་གྲངས་༡༠༧ལས་མེད་ཀྱང་ང་ཚོས་ཐབས་ཕྱོགས་གཅིག་གྱུར་གྱི་ཐོག་ནས་ཊྲམ་ལ་གདོང་ལེན་བྱས་ཏེ་མཐའ་མའི་རྒྱལ་ཁ་ཐོབ་པ་བྱེད་ཀྱི་ཡིན་ཅེས་གསུངས་འདུག

རེས་གཟའ་ཟླ་བའི་ཉིན་ལྕམ་ཧེ་རི་སིས་ཕོ་བྲང་དཀར་པོའི་ནང་གསར་འགོད་པ་ཚོར་བཀའ་མོལ་གནང་བའི་སྐབས་སྲིད་འཛིན་བྷའེ་ཌེན་གྱི་མཛད་རྗེས་སྐོར་གསུངས་པའི་ནང་སྲིད་འཛིན་བྷའེ་ཌེན་གྱིས་སྲིད་འཛིན་གནང་སྟེ་ལོ་གསུམ་མ་གཏོགས་སོང་མེད་ཀྱང་། ཁོང་གི་མཛད་རྗེས་ནི་ཨ་རིའི་དེང་རབས་ལོ་རྒྱུས་ནང་ལས་དུས་གཉིས་གནང་མཁན་གྱི་སྲིད་འཛིན་གྱི་མཛད་རྗེས་ལས་གྲུབ་འབྲས་བཟང་བ་བྱུང་ཡོད་ཅེས་གསུངས་འདུག

མང་གཙོ་ཚོགས་པའི་ཞལ་འདེབས་བསྡུ་ལེན་བྱེད་མཁན་ལས་ཁང་གིས་གཟའ་ཟླ་བའི་ཕྱི་དྲོ་བརྗོད་དོན་ལ། རེས་གཟའ་ཉི་མའི་ཉིན་ལྕམ་ཧེ་རི་སི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་འགོ་འཛུགས་བྱས་རྗེས་ཚོུད་༢༤འི་ནང་ཌོ་ལར་ས་ཡ་བརྒྱ་ལ་ཉེ་བའི་ཞལ་འདེབས་བསྡུ་རུབ་བྱས་འདུག་པ་མ་ཟད། མང་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་ཟུར་པ་དང་གནད་ཡོད་མི་སྣ། གྲོས་ཚོགས་གོང་འོག་གི་འཐུས་མི་སོགས་ཀྱིས་ལྕམ་ཀ་མ་ལ་ ཧེ་རི་སི་ལ་རྒྱབ་གཉེར་བྱེད་མཁན་བརྒྱ་ཕྲག་མང་པོ་བྱུང་འདུག་པ་དང་།

ལྕམ་ཧེ་རི་སི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཆགས་པ་ཡིན་ན་ལོ་༢༤༨ཕྱིན་པའི་ཨ་རིའི་ལོ་རྒྱུས་ནང་མི་རིགས་ནག་པོ་དང་། ལྷོ་ཨེ་ཤི་ཡའི་བེུད་ཞིག་ཨ་རིའི་སྲིད་དོན་ཚོགས་པ་ཆེ་ཁག་གི་སྲིད་འཛིན་གྱི་འོས་མི་ཆགས་པ་དང་ཐེངས་པོ་ཆགས་རྒྱུ་ཡིན་པ་རེད།

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་གནས་ཚུལ་བཏུས།
གསར་འགོད་པ། ཕུན་ཚོགས་ཚེ་རིང་།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG