ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཐེ་ཝན་གྱི་དམག་གིས་དགོན་པའི་ནང་དུ་མདེའུ་འཇོག་རྩིས་མེད་ཟེར།


༄༅།། ཐེ་ཝན་གྱི་དམག་གིས་འཐབ་འཁྲུག་ལངས་པའི་དུས་སུ་དགོན་པ་དང་ལྷ་ཁང་ཁག་མདེའུ་འཇོག་ཡུལ་གོ་མཛོད་དུ་བསྒྱུར་དགོས་པའི་གྲོས་གཞི་བཏོན་པ་རེད་ཅེས་རྒྱ་ཡིག་གི་ཚགས་པར་ཞིག་གི་ནང་དུ་གསར་འགྱུར་ཐོན་ཞིང་། ཕྱི་ཟླ་༧་པའི་ཚེས་༣་ཉིན་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་དམག་གིས་དགོན་པ་དང་ལྷ་ཁང་ཁག་ཏུ་མདེའུ་འཇོག་རྒྱུའི་གྲོས་གཞི་བཏོན་མེད་ཅེས་ལན་བཏབ། ཁ་སྔོན་གཟའ་ཉི་མའི་ཉིན་ཐེ་ཝན་གྱི་རྒྱ་ཡིག་ཚགས་པར་ཞིག་གི་ནང་དུ་མིའོ་ལི་རྫོང་དམག་དོན་རྒྱབ་གཉེར་བཀོད་འདོམས་ཁང་གིས་ས་གནས་དེའི་དགོན་པ་གསུམ་ལ་དམག་འཁྲུག་གི་དུས་སུ་ལྷ་ཁང་ནང་དུ་ཐེ་ཝན་གྱི་དམག་ལ་མཁོ་བའི་མདེའུ་འཇོག་ཏུ་འཇུག་དགོས་པའི་རེ་བ་བཏོན་པ་རེད་ཅེས་གསར་འགྱུར་སྤེལ། ཐེ་ཝན་གྱི་དམག་གིས་ང་ཚོས་དགོན་པའི་ནང་དུ་མདེའུ་འཇོག་རྒྱུ་དང་དགོན་སྡེ་ཁག་དམག་འཁྲུག་ལ་ཞུགས་དགོས་པའི་རེ་བ་བཏོན་མེད་ཅེས་དག་སྐྱེལ་ཞུས།།

མིའོ་ལི་རྫོང་དམག་དོན་རྒྱབ་གཉེར་བཀོད་འདོམས་ཁང་གིས་ས་གནས་དེའི་དགོན་པ་གསུམ་ལ་བཏང་བ་རེད་ཟེར་བའི་ཡི་གེ་ཞིག་གི་ནང་དུ་ཐེ་ཝན་གྱི་རྒྱལ་སྲུང་དམག་གིས་འཐབ་འཁྲུག་ནུས་པ་ཐོན་པ་ཞིག་རྒྱག་ཐུབ་པའི་ཆེད་དུ་མང་ཚོགས་ཀྱིས་མཉམ་འབྲེལ་བྱ་དགོས། མི་དམངས་ཀྱི་རྒྱབ་སྐྱོར་མེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་འཁོད་ཡོད་པའི་ངོས་བཤུས་ཤིག་བཀྲམ། ཇུག་ཧུ་གྲོང་ཚོའི་ཐེན་པའོ་(Tianbao)་དགོན་པའི་འགན་འཛིན་ཙེང་དབྱི་ནན་(Tseng I-nan)་གྱིས་ང་ལ་དམག་དོན་ཁང་གིས་ཁ་པར་བཏང་ནས་སྤྱི་ཚོགས་སུ་གླེང་ཕྱོགས་བྱུང་བར་དགོངས་པ་མ་འཚོམས་ཞེས་བཟོད་གསོལ་ཞུས་བྱུང་། དགོན་པའི་ནང་དུ་མདེའུ་འཇོག་རྒྱུའི་འཆར་གཞི་མེད་པར་བཏང་བ་ཡིན་ཟེར་གྱི་འདུག དགོན་པ་དང་ལྷ་ཁང་ཁག་ཏུ་མདེའུ་བཞག་ན་མང་ཚོགས་ལ་དངངས་སྐྲག་ཡོང་རྒྱུ་ཆོས་ཉིད་རེད། གྲོང་མི་ཚོས་དམག་དོན་རྒྱབ་གཉེར་བཀོད་འདོམས་ཁང་ལ་སྙན་ཞུ་ཕུལ་ནས་དགོན་པའི་ནང་དུ་མདེའུ་འཇོག་རྒྱུའི་འཆར་གཞི་མེད་པ་གཏོང་དགོས་པའི་ནན་སྐུལ་བྱས་འདུག ང་ཚོས་གཞུང་འབྲེལ་གྱི་ཡིག་ལན་ཞིག་ལ་སྒུག་ཡོད། གླེང་ཕྱོགས་དེ་ཅི་ཙམ་མྱུར་དུ་མེད་པར་བཏང་ན་དེ་ཙམ་གྱིས་དགེ་མཚན་ཆེ་ཞེས་གསལ་བསྒྲགས་སྤེལ།།

ཐེན་པའོ་དགོན་པའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་ཚོས་བཤད་པ་ལྟར་ན། དགོན་པའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་དགུང་ལོ་ཧ་ཅང་བགྲེས་པོ་རེད། མིའོ་ལི་རྫོང་དམག་དོན་རྒྱབ་གཉེར་བཀོད་འདོམས་ཁང་གིས་དགོན་པའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོས་ཞལ་བཞེས་གནང་ན་འགྲིག་པ་རེད་བསམས་ཡོད་པ་འདྲ། ཡིན་ནའང་ཚོགས་གཙོ་དགུང་ལོ་མཐོ་དྲགས་པ་དང་རྣམ་རིག་འཆོལ་ཡོད་པ་བཅས་ཀྱིས་དགོན་པའི་ནང་དུ་མདེའུ་འཇོག་རྒྱུའི་གྲོས་མཐུན་བཞག་ཡོད་སྲིད་ཀྱང་གནས་ལུགས་དང་ཁྲིམས་མཐུན་ཞིག་མ་རེད་ཅེས་ནན་ཏན་གྱིས་བརྗོད། ཐེ་ཝན་ནུབ་ཕྱོགས་སུ་ཆགས་པའི་དགོན་པ་གསུམ་གྱི་ནང་དུ་མདེའུ་དང་མཚོན་ཆ་འཇོག་ཆོག་པའི་གྲོས་གཞི་དེར་མང་ཚོགས་དང་ས་གནས་ཀྱི་འགོ་ཁྲིད་ཁག གྲོས་ཚོགས་འཐུས་མི་དང་སྲིད་དོན་པ། ལྷག་པར་དུ་མིའོ་ལི་གླིང་ཕྲན་གྱི་ཡུལ་མི་ཚོས་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༣་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐུང་ལུའོ་གྲོང་རྡལ་གྱི་འཐུས་མི་ཁྲང་ཧྲུ་ཁྲེན་(Chang Shu-chen)་གྱིས་ང་ཚོའི་དགོན་པ་དེ་མདེའུ་འཇོག་ཡུལ་གོ་མཛོད་དུ་བསྒྱུར་དགོས་དོན་ཅི་རེད། འདི་ནི་འོས་འཚམས་མིན་པ་དང་ཉེན་ཁ་ཡང་ཆེན་པོ་རེད་ཅེས་སྐྱོན་བརྗོད་བྱས་པར་མ་ཟད། ཇུག་ཧུ་གྲོང་ཚོའི་འགོ་ཁྲིད་ཚོས་དམག་གི་འཆར་གཞི་དེར་མོས་མཐུན་བྱེད་ཐུབ་ཐབས་མེད། ལྷ་ཁང་ནང་དུ་མདེའུ་དང་མཚོན་ཆ་བཞག་ན་དགོན་པ་གཙོས་ཉེ་འཁོར་གྱི་མཛེས་ལྗོངས་རྣམས་མེད་བརླག་གཏོང་གི་རེད། རྒྱ་ནག་གིས་གྲོང་གསེབ་དེ་དམིགས་འབེན་དུ་བཟུང་ནས་རྒོལ་རྡུང་བྱ་ཡུལ་ཞིག་ཏུ་འགྱུར་རྒྱུ་ལྡོག་ཏུ་མེད། གལ་ཏེ་དམག་འཁྲུག་མ་ལངས་ཀྱང་དགོན་པའི་ནང་དུ་མདེའུ་བཞག་ནས་རྐྱེན་ངན་བྱུང་ན་མང་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་ཞེས་སྐྲག

ཐེ་ཝན་ལ་མི་འབོར་ས་ཡ་༢༣་ཡོད་པ་དེའི་བརྒྱ་ཆ་༨༠་ལྷག་ཏའོ་ཆོས་དང་ནང་ཆོས་ཀྱི་རྗེས་འཇུག་པ་ཡིན་ཞིང་། ཐེ་ཝན་པ་ཚོས་དགོན་པ་དང་ལྷ་ཁང་ཁག་དམག་འཁྲུག་གི་དུས་སུའང་གཏོར་བཅོམ་བྱེད་མི་ཆོག་པའི་གནས་མཆོག་ཏུ་བརྩི་དགོས། དགོན་པའི་ནང་དུ་མདེའུ་འཇོག་རྒྱུ་དེ་འཚམས་པོ་ཞིག་གཏན་ནས་མིན་པའི་ལྟ་ཚུལ་བཟུང་། གྲོང་མི་ཞིག་གིས་དགོན་པའི་ནང་དུ་མདེའུ་འཇོག་རྒྱུ་ནི་མིའི་ཀུན་སྤྱོད་ལ་མི་མཐུན་པ་དང་ཐེ་ཝན་པའི་དད་སེམས་ལ་རྡོག་བརྫིས་བཏང་བ་རེད་ཟེར། གྲོང་མི་གཞན་ཞིག་གིས་གྲོས་གཞི་དེ་ང་ཚོའི་ལྷ་ཚོགས་ལ་ཁྱད་གསོད་བྱས་པ་རེད། དགོན་པའི་ནང་གི་མདེའུ་བཀད་ནས་ང་ཚོའི་སྤྱི་དམངས་དང་གྲོང་མི། ང་ཚོའི་བུ་ཕྲུག་སོགས་གསོད་རྒྱུ་ཡིན་ནམ་ཞེས་དྲིས། མིའོ་ལི་རྫོང་དམག་དོན་རྒྱབ་གཉེར་བཀོད་འདོམས་ཁང་གི་མགྲིན་ཚབ་པ་ཧུ་རུའི་ཤུང་(Hu Jui-hsun)་གིས་༢༠༢༢་ལོའི་ཕྱི་ཟླ་༧་པའི་ནང་དུ་ཧན་ཀྭང་དམག་སྦྱོང་བྱས་པའི་སྐབས་སུ་ས་གནས་མང་ཚོགས་དམག་སྦྱོང་གི་ཁོངས་སུ་བཅུག་པ་རེད། དགོན་པའི་ནང་དུ་མདེའུ་འཇོག་རྒྱུ་དམག་སྦྱོང་དེའི་ཆ་ཤས་ཤིག་རེད་ཅེས་བཀྲལ།།

ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ཇུ་ལི་ཡན་གོ་ཡིས་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་སྨན་ཁང་དང་ལྷ་ཁང་ཁག་ཏུ་མདེའུ་སྦས་འཇོག་བྱས་ནས་ཨི་སི་རལ་ལ་དམག་འཁྲུག་རྒྱག་གི་ཡོད་པ་རེད། ཐེ་ཝན་གྱི་དམག་གིས་ཧ་མ་སི་ཤོག་ཁག་ལ་མིག་དཔེ་ལྟ་ཡི་ཡོད་དམ། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་ལེ་ཆིང་ཏེས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་སྔར་ལས་རྒྱང་ཐག་རིང་དུ་ཕྱིན་སོང་། ལེ་ཆིང་ཏེས་དམག་འཁྲུག་ལ་གྲ་སྒྲིག་བྱ་རྒྱུ་གཙིགས་སུ་འཛིན་གྱི་འདུག་ཅེས་སྐྱོན་བཙུགས། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེ་རང་བཙན་གྱི་ལམ་དུ་ཤར་སྐྱོད་བྱེད་མཁན་ཁ་བྲལ་རིང་ལུགས་པ་ཞིག་རེད། རྒྱ་ནག་གིས་དམག་རྒྱག་དགོས་ཀྱང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་ཚུགས། ལེ་ཆིང་ཏེའི་ཁྲི་སྟོན་མཛད་སྒོའི་གཏམ་བཤད་ནང་དུ་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་འོག་གཅིག་འདུ་བ་ཞིག་མིན་ཞེས་བསྒྲགས།།

ཕྱི་ཟླ་༧་པའི་ཚེས་༢་ཉིན་དཔལ་འབྱོར་དུས་བབ་ཚགས་པར་ལ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག ༡༩༣༩་ལོར་འཇར་མན་གྱི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་འཛུལ་མ་བྱས་གོང་དུ་གྲ་སྒྲིག་བྱས་པ་ལྟར་བྱེད་ཀྱི་འདུག དཔེར་ན་དམག་རྒྱག་གི་མཐུན་རྐྱེན་གསོག་སྒྲུབ་དང་གཏེར་རྫས་གསོག་འཇོག་བྱེད་ཀྱི་ཡོད་པ་ནི་དམག་འཁྲུག་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྟགས་སུ་མངོན། ༡༩༤༡་ལོར་ཉི་ཧོང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་བཙན་འཛུལ་མ་བྱས་གོང་དུ་༡༩༣༦་ནས་རྡོ་སྣུམ་སོགས་དམག་འཁྲུག་ལ་མཁོ་བའི་མཐུན་རྐྱེན་རྣམས་གསོག་སྒྲུབ་བྱས་པ་རེད། རྒྱ་ནག་གི་གྲ་སྒྲིག་བྱེད་སྟངས་དེ་འཇར་མན་ཎི་དང་ཉི་ཧོང་གཉིས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྔོན་དུ་གྲ་སྒྲིག་བྱས་པ་དང་གཅིག་མཚུས་རེད་ཅེས་གནས་ཚུལ་སྤེལ། ཚོང་པ་ཚོས་མ་འོངས་པར་ངེས་གཏན་མེད་པས་རྒྱ་ནག་གིས་ཛ་དྲག་གི་གནས་ཚུལ་འབྱུང་སྲིད་པར་དམིགས་ནས་རྡོ་སྣུམ་དང་ལྕགས་རིགས་རྣམས་གསོག་འཇོག་བྱེད་ཀྱི་ཡོད་པ་ཡིན་སྲིད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ།།

ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་མེཀ་སི་ཊུ་ཌི་མན་(Mike Studeman)་ནས་ཞིས་ཅན་ཕིང་གིས་དམག་འཁྲུག་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་མངོན་གསལ་རེད། ༡༩༣༩་ལོར་འཇར་མན་ན་ཛིའི་དམག་གིས་པོ་ལན་ཌར་བཙན་འཛུལ་མ་བྱས་གོང་དུ་དེང་སྐབས་རྒྱ་ནག་གིས་གྲ་སྒྲིག་བྱེད་ཀྱི་ཡོད་པ་ལྟར་གྲ་སྒྲིག་བྱས་པ་རེད། རྒྱ་ནག་ཤར་ཕྱོགས་ཀྱི་ཏུང་དབྱང་གྲུ་ཁར་ཨུ་རུ་སུ་ནས་རྡོ་སྣུམ་སྐྱེལ་འདྲེན་གྱི་གྲུ་གཟིངས་མང་པོ་དུས་གཅིག་ཏུ་བསླེབས་ཡོད་པ་མཐོང་རྒྱུ་འདུག་ཅེས་ཕྱི་ཟླ་༤་པའི་ནང་དུ་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་རེད། ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཅད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ཨུ་རུ་སུར་བྱུང་བ་ལྟར་ཉེས་ཆད་འཕོག་ཚེ། རྒྱ་ནག་གིས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཐད་གྲ་སྒྲིག་བྱེད་ཀྱི་ཡོད་པའི་དཔྱད་བརྗོད་སྤེལ་འདུག

གླེང་སྟེགས།

XS
SM
MD
LG