ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

ན་རུ་རྒྱལ་ཁབ་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུཊ།


 ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཏན་ཀྲུང་གྭང་
ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཏན་ཀྲུང་གྭང་

༄༅།། ཐེ་ཝན་ལ་སྲིད་འཛིན་གསར་པ་ཞིག་འོས་འདེམས་བྱུང་ནས་ཉི་མ་༣་ལས་ཕྱིན་མེད་པའི་མཚམས་འདིར་ན་རུ་རྒྱལ་ཁབ་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུགས། ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གཞུང་ནས་མཚོ་གླིང་དེའི་མི་དམངས་ས་ཡ་༢༣་འཛམ་གླིང་ཡོངས་ལ་འདྲེས་ཐབས་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་གནོན་ཤུགས་སྤྲད་ནས་ཐེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་བྱེད་ཀྱི་འདུག རྒྱ་ནག་གིས་ན་རུ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་དངུལ་སྒོར་སྤྲད་ནས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་བཅུག་པ་རེད། རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ནི་ཨ་སྒོར་སྤྲོད་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་རེད་ཅེས་སྐྱོན་བཏོན། ད་ལྟ་འཛམ་གླིང་ཡོངས་སུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་བཅུ་གྲངས་ཤིག་ལས་མེད་ཅིང་། ན་རུ་གཞུང་གིས་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་དོན་ཆེད་དུ་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་སླར་གསོ་བྱས་པ་ཡིན་ཞེས་བསྒྲགས། ༢༠༠༢་ནས་༢༠༠༥་བར་དུ་ན་རུ་གཞུང་གིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་མྱོང་ཡོད་པའི་གནས་ཚུལ་ཐོན་འདུག

Map of island of Nauru, near Australia
ཨོ་སི་ཁྲུ་ལི་ཡའི་ཉེ་འགྲམ་གྱི་ནོ་རུའི་གླིང་ཕྲན་གྱི་ས་ཁྲ།

ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་དང་ཨ་མི་རི་ཀས་ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་མཚོ་གླིང་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཐེབས་ཐབས་ཀྱི་འགྲན་སྡུར་ཚུགས། ༢༠༡༩་ལོར་ཀི་རི་བྷ་ཏི་་དང་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་གཉིས་ཀས་བདུན་ཕྲག་གཅིག་གི་ནང་དུ་རྒྱ་ནག་ལ་འབྲེལ་བ་བཙུགས་ནས་ཐེ་ཝན་ལ་ཕྱི་འབྲེལ་བཅད། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཏན་ཀྲུང་གྭང་གིས་གློ་བུར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་རྒྱ་ནག་གིས་བསམ་བཞིན་འོས་བསྡུའི་གཞུག་དེར་ན་རུ་རྒྱལ་ཁབ་དང་ཐེ་ཝན་གྱི་འབྲེལ་བ་གཅོད་དུ་བཅུག་པ་ནི་ཧ་ཅང་གི་ཐ་ཤལ་ཞིག་རེད། འདི་ནི་འཛམ་གླིང་གི་རྒྱལ་ཁབ་མང་པོས་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཞི་འཇམ་ངང་དུ་གྲུབ་པར་རྟེན་འབྲེལ་བཞིན་པའི་དུས་སུ་དམངས་གཙོའི་ལམ་ལུགས་ལ་གཏོར་རྒོལ་བྱས་པ་ཞིག་རེད། ཐེ་ཝན་གྱིས་ནམ་ཡང་མགོ་སྒུར་རྒྱུ་མིན་པ་དང་ང་ཚོས་རང་ལ་ཅི་ཞིག་དགོས་པ་དེ་བདམས་ཡོད། ཐེ་ཝན་གྱི་འོས་བསྡུ་རྒྱ་ནག་གིས་བཟོད་ཐབས་མེད་པ་ཞིག་ཏུ་གྱུར་པ་རེད། རྒྱ་ནག་གིས་དངུལ་སྒོར་སྤྲད་ནས་ཕྱི་འབྲེལ་འཛུགས་ཐབས་དང་ཐེ་ཝན་ལ་བཙན་གནོན་བྱེད་ཀྱི་ཡོད་པ་ར་འཕྲོད་པ་རེད་ཅེས་བསྟན།།

ན་རུ་རྒྱལ་ཁབ་ལ་མི་འབོར་༡༢༥༠༠་དང་ས་ཁྱོན་དབྱིན་ལེ་གྲུ་བཞི་མ་༨་ལས་མེད། ཐེ་ཝན་གྱིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་དང་ཤེས་ཡོན་སློབ་གསོ། འཕྲོད་བསྟེན་དང་འཛུགས་སོགས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད་པའི་ལྷག་ཅིག་རྒྱ་ནག་གིས་ན་རུ་རྒྱལ་ཁབ་ལ་དཔལ་འབྱོར་རོགས་སྐྱོར་སྤྲད། མིང་འདོན་མ་བྱས་པའི་ཐེ་ཝན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་ནས་རྒྱ་ནག་གིས་ལོ་རེར་ན་རུ་རྒྱལ་ཁབ་ལ་ཨ་སྒོར་དུང་ཕྱུར་༡་རེ་སྤྲོད་རྒྱུའི་ཁས་ལེན་བྱས་འདུག་ཅེས་བཀྲལ། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ན་རུའི་གཞུང་ལ་དངུལ་སྒོར་ཅི་ཙམ་བླངས་མིན་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པ་མའོ་ནིང་(Mao Ning)་གིས་ན་རུ་གཞུང་གིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ན་རུ་ནི་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱ་ནག་ལ་ཕྱི་འབྲེལ་སླར་གསོ་བྱས་པ་ནི་ཡང་དག་པའི་ཐག་གཅོད་ཅིག་རེད་ཅེས་བསྔགས་བརྗོད་བྱས་པ་ལས་རྒྱ་ནག་གིས་དངུལ་སྒོར་ཅི་ཙམ་སྤྲད་ཡོད་མེད་དེར་ལན་འདེབས་བྱས་མེད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པ་མའོ་ནིང་
རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པ་མའོ་ནིང་

ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ཟླ་བའི་ཉིན་ན་རུ་གཞུང་ནས་ན་རུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་(ཀྲུང་ཧྭ་མིན་གོ)་སྟེ། ཐེ་ཝན་ལོགས་སུ་རྒྱལ་ཁབ་ཅིག་ཡིན་པའི་ངོས་འཛིན་མི་བྱེད་པར་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱ་རྒྱུ་ཡིན། དེ་རིང་ནས་བཟུང་སྟེ་ན་རུའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་དེ་གཞུང་འབྲེལ་གྱི་འབྲེལ་བའམ། ཡང་ན་ཕན་ཚུན་འབྲེལ་བ་སོགས་གང་ཡང་བྱ་རྒྱུ་མིན་ཞེས་རྒྱ་ནག་གཞུང་གིས་བཤད་ཚུལ་དང་མཐུན་པའི་གསལ་བསྒྲགས་སྤེལ། ༢༠༡༨་ལོར་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཁག་གི་གླེང་སྟེགས་ཚོགས་ཆེན་ཐོག་ཏུ་ན་རུའི་སྲིད་འཛིན་བྷེ་རོན་ཝ་ཁས་རྒྱ་ནག་གིས་རྒྱལ་ཁབ་ཆུང་ཁག་ཚོར་ཐུབ་ཚོད་བྱེད་ཀྱི་འདུག རྒྱ་ནག་ཅི་ཡང་མ་རེད་ཅེས་སྐྱོན་བརྗོད་དྲག་པོ་བྱས་མོད། འོན་ཀྱང་ལོ་གཅིག་གི་རྗེས་སུ་སྲིད་འཛིན་བྷེ་ཝ་ཁར་འོས་འདེམས་ཀྱི་ཕམ་ཉེས་བྱུང་། སྲིད་འཛིན་ལས་ཐོག་ཌེ་ཝི་ཌི་ཨ་ཌིང་གིས་ངོ་དེབ་ནང་དུ་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་པ་ཡིན་ཞེས་བརྙན་ཐུང་ཞིག་བཀྲམ་ནས་མི་དམངས་ལ་གསལ་བསྒྲགས་སྤེལ།།

ནེའུ་ཛི་ལན་ཌིའི་མེ་སི་སློབ་གྲྭ་ཆེན་མོའི་ཞི་བདེ་རྒྱ་མཚོའི་ཡུལ་ཁག་ཉམས་ཞིབ་པ་ཨ་ན་པོ་ཝེལ་སིས་བཤད་པ་ལྟར་ན། ཐེ་ཝན་གྱི་འོས་འདེམས་ཚར་མ་ཐག་ཏུ་ན་རུ་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་པའི་གསལ་བསྒྲགས་སྤེལ་བ་དེ་སྟེས་དབང་ལས་བྱུང་བ་ཞིག་མིན་པར་སྣང་། ཐེ་ཝན་ལ་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་ཅིག་གིས་ཕྱི་འབྲེལ་བཙུགས་ཡོད་པ་རྒྱ་ནག་གིས་འབྲེལ་བ་གཅོད་ཐབས་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་འདུག ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་མཚོ་གླིང་རྒྱལ་ཁབ་ཁག་ནི་ཐེ་ཝན་གྱིས་ཕྱི་འབྲེལ་འཛུགས་ས་གཙོ་བོ་དེ་རེད། ཨ་རི་དང་ཨོ་གླིང་གཉིས་ཀྱིས་ཞི་བདེ་རྒྱ་མཚོའི་ནང་དུ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཐུབ་ཀྱི་མི་འདུག རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཡུལ་ཁག་ཚོར་འབྲེལ་བ་འཛུགས་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་སྨྲས། ཐེ་ཝན་གྱི་རྒྱལ་སྲུང་བདེ་འཇགས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཀྲུང་ཀྲི་ཏུང་ནས་རྒྱ་ནག་གི་སྲིད་དབང་གཅིག་སྡུད་པ་ཚོས་ལེ་ཆིང་ཏེ་ཐེ་ཝན་གྱི་སྲིད་འཛིན་ལ་འོས་འདེམས་བྱུང་བར་མ་དགའ་བར་ན་རུ་རྒྱལ་ཁབ་དང་ཐེ་ཝན་གྱི་འབྲེལ་བ་གཅོད་དུ་བཅུག་པ་འདྲ། རྒྱ་ནག་གིས་ལེ་ཆིང་ཏེ་རང་བཙན་འཐབ་རྩོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག་ཆེས་བཤད།།

ནོ་རཱུའི་སྲིད་འཛིན་རཱ་སུ་ལ་ཁུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་བདུན་ཅུ་དོན་བརྒྱད་པའི་ཐོག་ལ་གསུང་བཤད་གནང་།
ནོ་རཱུའི་སྲིད་འཛིན་རཱ་སུ་ལ་ཁུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་བདུན་ཅུ་དོན་བརྒྱད་པའི་ཐོག་ལ་གསུང་བཤད་གནང་།

ཀྲུང་ཀྲི་ཏུང་དང་ཉམས་ཞིབ་པ་གཞན་ཚོས་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་སུ་ཆགས་ཡོད་པའི་ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་འཛུགས་རྒྱུ་གནད་འགག་ཅིག་ཏུ་བརྩིས་འདུག རྒྱ་ནག་གི་ཤུགས་རྐྱེན་ཞི་བདེ་རྒྱ་མཚོའི་ནང་དུ་ཅི་ཙམ་ཁྱབ་ན་དེ་ཙམ་གྱིས་ཨ་མི་རི་ཀ་དང་ཨོ་གླིང་གཉིས་ལ་གནོན་ཤུགས་ཐེབས་ངེས་རེད། ༢༠༠༥་ནས་༢༠༠༧་བར་དུ་ན་རུ་རྒྱལ་ཁབ་ཏུ་བཅའ་སྡོད་ཨོ་གླིང་གི་གཞུང་ཚབ་པ་ཟུར་པ་ཇཱེམ་སི་བྷ་ཊི་ལེས་་ན་རུ་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པ་ནི་ཞིས་ཅིན་ཕིང་གིས་ཐེ་ཝན་དབང་དུ་བསྡུ་རྒྱུ་ཡིན་ཞེས་བཤད་ཀྱི་ཡོད་པར་ངར་ཤུགས་ཐེབས་ཐུབ་པ་དང་ལོ་རྒྱུས་ཀྱི་ཁ་ཕྱོགས་ཤིག་ཡིན་པའི་བག་ཆགས་འཇོག་སྲིད་ཅེས་བཤད། དེ་བཞིན་ཨོ་གླིང་རྒྱལ་ཡོངས་སློབ་ཆེན་གྱི་ཉམས་ཞིབ་པ་ཞིག་གིས་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་འཛུགས་ཐབས་བྱ་དགོས། ཐེ་ཝན་ལ་འབྲེལ་བ་བཙུགས་ཡོད་པ་ཚང་མ་གཅོད་དུ་འཇུག་རྒྱུའི་འབད་བརྩོན་བྱེད་ཀྱི་འདུག་ཅེས་ལྟ་ཚུལ་བརྗོད་འདུག

ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀ་སོགས་རྒྱལ་ཁབ་མང་ཆེ་བས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་མེད་ཀྱང་ཨ་རིའི་གཞུང་གིས་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་ཞིག་བཙུགས་ཡོད་པ་ནི་བྲག་རི་བཞིན་བརྟན་པོ་ཡིན། རྒྱ་ནག་གིས་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཟེར། ཨ་མི་རི་ཀའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་ཕེབས་ནས་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེ་དང་མཚོ་གླིང་དེའི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ༡༩༨༠་ཐམ་པའི་ལོར་ན་རུ་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་པ་དང་༢༠༠༢་ལོར་རྒྱ་ནག་ལ་འབྲེལ་བ་བཙུགས། ༢༠༠༥་ལོར་སླར་ཡང་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་པ་དང་༢༠༢༤་ལོའི་ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་རྒྱ་ནག་ལ་ཕྱི་འབྲེལ་སླར་གསོ་བྱས་འདུག ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཏན་ཀྲུང་གྭང་གིས་ང་ཚོའི་འོས་བསྡུའི་ནང་དུ་སུ་ལ་རྒྱལ་ཁ་ཐོབ་ཀྱང་ཁྱད་པར་ཡོད་པ་མ་རེད། རྒྱ་ནག་གིས་ཐེ་ཝན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་མིན་པ་གཅིག་པ་རེད་ཅེས་གཤེས།།

དེང་སྐབས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཊི་ཁན་དང་གུ་ཊ་མ་ལ། པ་ར་གྷ་ཡེ་དང་པོ་ལ། ཐུ་བ་ལུ་དང་མར་ཤལ་གླིང་ཕྲན་རྒྱལ་ཁབ་བཅས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༢་ལས་མེད། ༢༠༡༦་ལོར་ཚེ་དབྱིན་ཝེན་སྲིད་འཛིན་ལ་འདེམས་ཐོན་བྱུང་། ཁོ་མོས་རྒྱ་ནག་གཅིག་གི་རྩ་དོན་དང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་ལངས་ཕྱོགས་ལ་ངོས་ལེན་མ་བྱས། དེར་བརྟེན་རྒྱ་ནག་གིས་ཐེ་ཝན་ལ་འབྲེལ་བ་བཅད། ད་དུང་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་ནས་རྒྱལ་ཁབ་༡༠་ཐམ་པར་ཐེ་ཝན་ལ་འབྲེལ་བ་གཅོད་དུ་བཅུག གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ནས་རྒྱ་ནག་གིས་ང་ཚོར་ཕྱི་འབྲེལ་གྱི་ཁོར་ཡུག་མེད་པར་གཏོང་གི་ཡོད་ཀྱང་ཐེ་ཝན་མི་དམངས་ཀྱི་མངོན་འདོད་འགོག་མི་ཐུབ། ཐེ་ཝན་དང་རྒྱ་ནག་གཉིས་འདྲ་མཉམ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཞེ་མཐུན་གྲོགས་རྒྱལ་ཁབ་གུ་ཊ་མ་ལའི་སྲིད་འཛིན་གྱི་ཁྲི་སྟོན་མཛད་སྒོར་ཞུགས་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG