ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཌོ་ནལ་ཊམ་སྲིད་འཛིན་ལ་འདེམས་ཐོན་བྱུང་སྟེ་ཐེ་ཝན་སོམ་ཉིའི་དྲྭ་བར་ཚུད།


༄༅།། རྒྱ་ནག་དང་ཐེ་ཝན་གྱི་འགོ་ཁྲིད་ཚོས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་སླར་ཡང་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུས། ཕྱི་ཟླ་༡༡་པའི་ཚེས་༧་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱི་ལས་དུས་གཉིས་པའི་རིང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར། ལྷག་པར་དུ་ཌོ་ནལ་ཊམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དུས་སུ་ཨ་རིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ན་མཚོ་གླིང་དེས་ཨ་མི་རི་ཀར་སྲུང་སྐྱོབ་གླ་ཡོན་སྤྲོད་དགོས་ཞེས་བཤད་མྱོང་ཡོད་ཅིང་། དེང་སྐབས་རྒྱ་ནག་གིས་ཉིན་རེ་བཞིན་ཐེ་ཝན་ལ་གནམ་མཚོ་གཉིས་ནས་སྡིགས་ར་བསྐུལ་ཏེ་བཙན་འཛུལ་གྱི་ཉེན་ཁ་ཆེ་རུ་སོང་། སྲིད་འཛིན་བྷ་ཌན་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་དམག་བཏང་སྟེ་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཐེངས་འགའ་ཞིག་བཤད་མོད། འོན་ཀྱང་ཌོ་ནལ་ཊམ་གྱིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་བཤད་དཀའ།།

ཞིས་ཅིན་ཕིང་
ཞིས་ཅིན་ཕིང་

ཨ་རིའི་སྲིད་འཛིན་འོས་འདེམས་རྗེས་སུ་རྒྱ་ནག་དང་ཐེ་ཝན་གཉིས་ཀ་རང་གི་ཁེ་ཕན་དོན་གཉེར་གྱི་ལས་སུ་ཞུགས། ཞིས་ཅིན་ཕིང་(Xi Jinping)་གིས་དུས་སྐབས་གསར་པའི་ནང་དུ་ཨ་རི་དང་རྒྱ་ནག་གིས་འཆམ་མཐུན་གྱི་ཐབས་ལམ་ཡང་དག་པ་ཞིག་བཙལ་ནས་ཕྱོགས་གཉིས་དང་འཛམ་གླིང་སྤྱི་ལ་ཕན་བདེ་བསྒྲུབ་དགོས། ཨ་རྒྱ་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། ཁེ་ཕན་གྱི་འབྲས་བུ་གཡུར་དུ་ཟ་བའི་མཉམ་འབྲེལ། འབྲེལ་མོལ་དང་འབྲེལ་ལམ་ཡར་རྒྱས་བཏང་སྟེ་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་ཚུལ་བཞིན་སེལ་བའི་རྩ་འཛིན་རྣམས་གོང་བཀུར་བྱ་དགོས་པའི་ནན་བརྗོད་བྱས་པ་རེད་ཅེས་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཌོ་ནལ་ཊམ་གྱི་ལས་དུས་དང་པོའི་སྐབས་སུ་ཞིས་ཅིན་ཕིང་ཨ་མི་རི་ཀར་འཚམས་འདྲིར་བསླེབས། ཌོ་ནལ་ཊམ་ཡང་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་ཀྱང་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་སྟེ་ཚོང་དམག་ལངས།།

ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་
ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་

ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་(Lai Ching-te)་ཨེཀ་སི་དྲྭ་ཚིགས་སུ་ང་ཚོ་ཐུན་མོང་གི་ལྟ་གྲུབ་དང་ཁེ་ཕན་གྱི་གཞི་རྩའི་ཐོག་ཏུ་རྩ་བ་ཚུགས་པའི་ཐེ་ཝན་དང་ཨ་རིའི་ཡུན་རིང་གི་ཟླ་གྲོགས་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་། དེ་ནི་མངའ་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་རྨང་རྡོ་ལྟ་བུ་ཞིག་ཏུ་བརྩིས་ཏེ་སྔར་ལས་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་ཐུབ་པའི་གདེང་ཚོད་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་དྲྭ་དམངས་ཁག་ཅིག་ནས་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཆེན་པོ་སྤར་རྒྱུའི་རྟགས་མཚན་འདུག ཚོང་དམག་དེས་རྒྱ་ནག་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་ཤེས་རྟོགས་མི་ཐུབ་པ་ཞིག་རེད་ཅེས་མཆན་བྲིས། ཐེ་ཝན་པ་ཁག་ཅིག་གིས་ཌོ་ནལ་ཊམ་གྱི་ལས་དུས་གཉིས་པའི་སྐབས་སུ་མཚོ་གླིང་དེར་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆུང་དུ་འགྲོ་སྲིད། ཊམ་གྱིས་རྒྱལ་སྤྱིའི་ལས་དོན་ཐོག་ཏུ་ཁེར་སྡོད་རིང་ལུགས་ཀྱི་ལྟ་བ་འཛིན་གྱི་འདུག་ཅེས་བློ་འཚབ་བྱུང་བའི་རྣམ་འགྱུར་བསྟན།།

ལོ་ན་༣༥་ལ་སོན་པའི་ལི་ཌི་ཡ་དབྱང་(Lydia Yang)་ཞེས་པའི་ཐེ་ཝན་པ་ཞིག་གིས་ངས་འདས་པའི་ཟླ་ཤས་རིང་ཌོ་ནལ་ཊམ་གྱི་སྐད་ཆ་དེ་ཚོར་མཉན་ནས་བསྡོམས་ཤིག་བརྒྱབ་ཚེ། ཨ་རི་དང་རྒྱ་ནག་གཉིས་འབྲེལ་བ་ཡག་པོ་ཞིག་བྱུང་ན་ཌོ་ནལ་ཊམ་གྱིས་ཐེ་ཝན་ལ་རྒྱབ་སྐྱོར་དེ་ཙམ་བྱ་རྒྱུ་མིན་པའི་ངེས་ཤེས་རྙེད་བྱུང་ཞེས་ཨ་རིའི་རླུང་འཕྲིན་ཁང་ལ་ཁ་པར་བརྒྱུད་ནས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ད་ལོའི་ཕྱི་ཟླ་༧་ནང་བྷུ་ལུམ་བྷག་གཟའ་འཁོར་ཚོང་ལས་དུས་དེབ་ཀྱིས་ཌོ་ནལ་ཊམ་ལ་བཅར་འདྲི་ཞུས། ཁོང་གིས་ང་ཚོས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ན་ཐེ་ཝན་གྱིས་ཨ་མི་རི་ཀར་སྲུང་སྐྱོབ་གླ་ཡོན་སྤྲོད་དགོས། ངས་མི་དེ་ཚོ་ཡག་པོ་ཡོད་པ་ཤེས་ཀྱི་ཡོད། ཁོ་ཚོར་གུར་ཞབས་ཆེན་པོ་ཡོད། ཁོ་ཚོས་ཨ་རིའི་ཆིབ་ལེབ་(Chip)་ཀྱི་ཚོང་ལས་བརྒྱ་ཆ་བརྒྱ་ཕྲོགས་པ་རེད། ངས་བལྟས་ན་ཐེ་ཝན་གྱིས་ང་ཚོར་སྲུང་སྐྱོབ་གླ་ཡོན་སྤྲོད་དགོས་ཀྱི་འདུག་ཅེས་ཨ་རིའི་དམག་གིས་ཐེ་ཝན་ལ་འགྲོ་གྲོན་གཏོང་གི་ཡོད་པ་འགན་སྲུང་སྲིད་ཇུས་ལྟ་བུ་ཞིག་ཏུ་བསྒྱུར།།

ཁ་སྔོན་ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་ཇཱོ་རོ་གྷན་
ཁ་སྔོན་ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་ཇཱོ་རོ་གྷན་

ཌོ་ནལ་ཊམ་གྱིས་ཨ་རིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ན་གླ་ཡོན་སྤྲོད་ལེན་དགོས་ཞེས་བཤད་པ་གཅིག་པུ་མིན་ཞིང་། ཁ་སྔོན་ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་ཇཱོ་རོ་གྷན་(Joe Rogan)་གྱིས་ཌོ་ནལ་ཊམ་ལ་བཅར་འདྲི་ཞུས་པའི་སྐབས་དེར་ཨ་རིའི་ཕྱེད་ཁྲིད་དངོས་རྫས་(semiconductor)་ཀྱི་འཕྲུལ་རིག་ལག་རྩལ་རྣམས་ཐེ་ཝན་གྱིས་བརྐུས་འཁྱེར་བྱས་པ་རེད་ཅེས་ནག་ཉེས་བཙུགས། ཁོ་པས་ཐེ་ཝན་གྱི་ཕྱེད་ཁྲིད་དངོས་རྫས་བཟོ་ཚོང་ལས་ཁུངས་ཁག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུར་བར་མ་ཟད། ང་ཚོས་ཨ་སྒོར་ཐེར་འབུམ་མང་པོ་ཟུར་དུ་བཞག་ནས་བཟོ་ཚོང་ལས་ཁུངས་ཕྱུག་པོ་ཁག་ཅིག་ཨ་རིར་སྤོར་ཤོག ཁོ་ཚོར་དངུལ་སྒོར་བསྐྱི་དགོས། ཨ་རིར་ཆིབ་ལེབ་ཀྱི་བཟོ་གྲྭ་ཚུགས་ཞེས་བཤད་པ་ཡིན། ཡིན་ནའང་ཁོ་ཚོས་བཟོ་གྲྭ་ཡག་པོ་རྣམས་འཛུགས་ས་མ་རེད་ཅེས་འཁང་ར་བཤད། ཨ་རིའི་རླུང་འཕྲིན་ཁང་གིས་ཌོ་ནལ་ཊམ་གྱི་འོས་བསྡུའི་ལས་འགུལ་ཁང་ལ་དེའི་སྐོར་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་།།

ད་ལྟ་ཐེ་ཝན་པ་ཁག་ཅིག་གིས་ཌོ་ནལ་ཊམ་གྱི་སྐད་ཆ་དེ་དག་གིས་ཁོ་པ་ལོ་གཞུག་མའི་ཕྱི་ཟླ་དང་པོའི་ནང་ཕོ་བྲང་དཀར་པོར་བསླེབས་པའི་རྗེས་སུ་ཨ་རིའི་ཁེ་ཕན་གཙིགས་འཛིན་གྱི་ཕྱི་སྲིད་ཅིག་ལག་ལེན་བསྟར་ས་རེད་ཟེར། ལོ་ན་༤༤་ལ་སོན་པའི་ལེ་མཱིང་ཝེ་(Lai Ming-wei)་ཞེས་པ་ཞིག་གིས་ངའི་སེམས་ཁྲལ་ཆེ་ཤོས་ནི་ཨ་རིར་ཐེ་ཀར་ཁེ་ཕན་མེད་ན་ཌོ་ནལ་ཊམ་གྱིས་དོ་སྣང་བྱ་རྒྱུ་མ་རེད་ཅེས་ལྟ་ཚུལ་བརྗོད། ཐེ་ཝན་གྱི་རྒྱལ་ཡོངས་བདེ་འཇགས་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཚེ་མཱིང་ཡེན་(Tsai Ming-yen)་གྱིས་ཨ་མི་རི་ཀས་རྒྱ་ནག་བཀག་སྐྱིལ་དང་ཐེ་ཝན་ལ་མཛའ་འབྲེལ་རྒྱུན་འཁྱོངས་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་མི་དམངས་རྣམས་བློ་བདེ་བག་ཕེབས་སུ་འགོད་པའི་ཐབས་ལ་འབད། ཉམས་ཞིབ་པ་ཚོས་ཨ་རིས་ཐེ་ཝན་ལ་འཛིན་པའི་གཞི་རྩའི་སྲིད་ཇུས་དེ་འགྱུར་མི་སྲིད་ཀྱང་ཌོ་ནལ་ཊམ་གྱིས་གཏམ་བཤད་ཁག་གིས་ཐེ་ཝན་གྱི་འབྱུང་འགྱུར་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མེད་པ་ར་འཕྲོད་པ་རེད་ཅེས་བཀྲལ།།

ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གོ་ལི་ཤུང་
ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གོ་ལི་ཤུང་

ཐེ་ཝན་གྱི་ཏུང་ཝུ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཁྲེན་ཧྥ་ཡུས་(Chen Fang-yu)་བཤད་པ་ལྟར་ན། ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་མང་དུ་བཏང་སྟེ་རང་གི་བདེ་འཇགས་སྲུང་སྐྱོབ་ལ་གཟབ་ནན་བྱེད་ཀྱི་ཡོད་པ་ཌོ་ནལ་ཊམ་ལ་སྟོན་དགོས། ཌོ་ནལ་ཊམ་ནས་ཐེ་ཝན་གྱིས་རང་གི་སྲུང་སྐྱོབ་དོན་དུ་ཅི་ཡང་སྒྲུབ་ཀྱི་མི་འདུག་བསམས་ཡོད་ཤས་ཆེ། དེས་ན་ཁོ་པས་ཐེ་ཝན་ལ་ཡག་པོ་བྱེད་དགོས་དོན་མེད་པ་རེད་ཅེས་བཤད། ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གོ་ལི་ཤུང་(Wellington Koo)་གིས་ཨ་རིའི་སྲིད་འཛིན་ལ་སུ་ཞིག་འདེམས་ཐོན་བྱུང་ཡང་ཁྱད་པར་མེད། ཐེ་ཝན་གྱིས་རང་གི་སྲུང་སྐྱོབ་ལ་ཆོད་སེམས་བརྟན་པོ་བཙུགས་ཡོད་པ་སྟོན་དགོས། ཐེ་ཝན་གྱི་དཔལ་འབྱོར་སྲུང་སྐྱོབ་དང་མཚོ་གླིང་འདིའི་ས་ཁམས་ཆབ་སྲིད་ཀྱི་གནས་བབ་ཨ་རིའི་འཐབ་ཇུས་ལ་གནད་འགག་ཆེ་བ་ངོས་ཟིན་དུ་འཇུག་དགོས་ཞེས་གྲོས་ཚོགས་ཀྱི་ཚོགས་འདུའི་ཞོར་དུ་གསར་འགོད་པ་ཚོར་བསྒྲགས།།

སིངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཇཱ་ཨི་ཡན་ཆོང་(Ja Ian Chong)་གིས་ཌོ་ནལ་ཊམ་ནས་ཐེ་ཝན་ལ་སྲིད་ཇུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ངེས་གཏན་མེད་ཀྱང་ལྟ་ཕྱོགས་མ་འདྲ་བ་འགའ་ཞིག་འདུག དཔལ་འབྱོར་གྱི་གནད་དོན་འབབ་ཞིག་ལ་ལྟ་མཁན་ནི་ཌོ་ནལ་ཊམ་ཁོ་ན་རེད། ཁོ་པའི་ཕྱོགས་སུ་ཨ་མི་རི་ཀས་ཡུ་རོབ་ལ་སྲུང་སྐྱོབ་བྱ་རྒྱུ་མཚམས་ཞོག ཨ་རིའི་སྟོབས་ཤུགས་ཡོད་ཚོད་ཨེ་ཤི་ཡར་བཀོལ་ནས་རྒྱ་ནག་ལ་འགྲན་སྡུར་བྱ་དགོས་ཞེས་བཤད་མཁན་ཁག་ཅིག་དང་། ཨ་རི་དང་ཨ་རིའི་མཐུན་གྲོགས་རྣམས་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཞེས་བཤད་མཁན་ཁག་ཅིག་འདུག ཐེ་ཝན་གྱིས་སྔོན་ནས་ཨ་མི་རི་ཀའི་རྒྱབ་སྐྱོར་མཚམས་ཆ་སྲིད་པར་གྲ་སྒྲིག་བྱས་ན་ལེགས ཨ་རིའི་རྒྱབ་སྐྱོར་རྒྱུན་མཐུད་ནས་མེད་ན་རྒྱ་ནག་ལ་གོ་བརྡ་ལོག་པ་ཞིག་གཏོང་སྲིད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG