ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྒྱ་གཞུང་གིས་རྫ་དབོན་པོའི་གྲྭ་པ་དྲུག་དང་བུད་མེད་གཉིས་འཛིན་བཟུང་།


༄༅།། བོད་ནང་གི་རྫ་དབོན་པོ་དགོན་པའི་དགེ་འདུན་པ་དྲུག་དང་ས་གནས་དེའི་བུད་མེད་གཉིས་བཅས་ཁྱོན་བསྡོམས་བོད་པ་བརྒྱད་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༩་པའི་ཚེས་༧་ཉིན་མིང་དངོས་སུ་བརྗོད་འདོད་མེད་པའི་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ཤིག་ནས་རྫ་དབོན་པོ་དགོན་གྲོང་གཉིས་ལ་རྒྱ་ནག་གཞུང་གིས་དམ་དྲག་དང་སུན་གཙེར་དྲག་པོ་བྱེད་བཞིན་ཡོད་ཅིང་། ཕྱི་ཟླ་༨་པའི་ནང་དུ་སྐྱ་སེར་དྲུག་བཅུ་ཡས་མས་ཤིག་འཛིན་བཟུང་བྱས་པ་རེད། ཕྱི་ཟླ་༩་པའི་ཚེས་༣་ཉིན་རྫ་དབོན་པོ་དགོན་པའི་དགེ་འདུན་པ་དྲུག་རེ་རེ་བཞིན་གྲྭ་ཤག་ཏུ་འཛིན་བཟུང་བྱས་ནས་བཙན་ཁྲིད་བྱས་སོང་། འཛིན་བཟུང་སྐབས་སུ་རྒྱ་ནག་གི་དམག་མི་ལྔ་དྲུག་རེ་ཡོང་ནས་དགེ་འདུན་པ་ཚོའི་གྲ་ཤག་ཁག་ལ་སྔོག་བཤེར་བྱས་འདུག བུད་མེད་གཉིས་ཀྱང་འཛིན་བཟུང་གིས་སེར་ཤུལ་རྫོང་ཉེན་རྟོག་ཁང་དུ་ཁྲིད། ད་ལྟའི་བར་དུ་འཛིན་བཟུང་ཐེབས་པའི་སྐྱ་སེར་དེ་དག་གློད་གྲོལ་བཏང་ཡོད་མེད་ཀྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་པ་དགེ་འདུན་པ་དྲུག་དང་བུད་མེད་གཉིས་འཛིན་བཟུང་བྱས་པ་དེ་དག་གིས་ཁྲིམས་འགལ་ཅི་ཞིག་བྱས་པ་གསལ་བཤད་བྱེད་ཀྱི་མི་འདུག རྫ་དབོན་པོའི་ཕྱོགས་སུ་དང་བླངས་ཐོག་ཏུ་མང་ཚོགས་ལ་བོད་ཡིག་སློབ་ཁྲིད་བྱེད་མཁན་དང་ཕ་སྐད་སྲུང་སྐྱོབ་ཚོགས་པ་བཙུགས་ནས་ལོ་འགའ་འགོར་ཡོད་པ་རེད། རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ཕ་སྐད་སྲུང་སྐྱོབ་ཚོགས་པའི་ཚོགས་མི་དང་ཕ་སྐད་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཁ་ཤས་ཚུད་འདུག དེ་ལ་བལྟས་ན་རྒྱ་ནག་གཞུང་གིས་བོད་པའི་སྤྱི་ཚོགས་སུ་བོད་ཡིག་བཀོལ་སྤྱོད་དང་དར་སྤེལ་གཏོང་རྒྱུ་དེར་མངོན་ལྐོག་གཉིས་ནས་བཀག་འགོག་དང་རིམ་བཞིན་བོད་ཡིག་མེད་པར་བཟོ་ཐབས་ཀྱི་ལས་གཞི་འདྲ་མིན་ཞིག་སྤེལ་གྱིན་ཡོད་པ་འདྲ། མ་འོངས་པར་བོད་ཡིག་གཅེས་སྐྱོང་ལ་ནུས་པ་འདོན་མཁན་དང་འབད་བརྩོན་བྱེད་མཁན་ཚོར་དམ་དྲག་འཕོག་ས་རེད། ས་གནས་མང་ཚོགས་ལ་སེམས་ཁྲལ་ཡོང་གི་འདུག རྫོ་དབོན་པོ་ས་གནས་སུ་གནས་ཚུལ་མང་པོ་ཞིག་བསྟུན་མར་བྱུང་སོང་། ཡིན་ནའང་གནས་ཚུལ་དེ་རྣམས་བོད་ཕྱི་ལོགས་ཀྱི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་སོང་བའི་སྟབས་ཀྱིས་རྒྱ་གཞུང་གིས་མྱུལ་ཞིབ་བྱས་ནས་དྲྭ་རྒྱ་དང་སེར་སྐྱ་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱེད་ཀྱིན་འདུག དེར་བརྟེན་གནས་ཚུལ་ཕྱིར་བསྒྲགས་བྱ་རྒྱུར་ཉེན་ཁ་ཆེན་པོ་འདུག་ཅེས་བརྗོད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG