ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ལྷ་སར་བརྐྱངས་ཕྱག་འཚལ་ནས་ཁྲིམས་ཁང་མདུན་ཞུ་འབོད་བྱས་པ།


རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཚེས་༡༥ཉིན་ལྷ་སའི་མི་དམངས་ཁྲིམས་ཁང་མདུན་དུ་བརྐྱངས་ཕྱག་འཚལ་དེ་དྲང་བདེན་གྱི་ཁྲིམས་བཤེར་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཚེས་༡༥ཉིན་ལྷ་སའི་མི་དམངས་ཁྲིམས་ཁང་མདུན་དུ་བརྐྱངས་ཕྱག་འཚལ་དེ་དྲང་བདེན་གྱི་ཁྲིམས་བཤེར་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་རིགས་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་ཚུད་ནས་ལོ་ངོ་༡༥་ལྷག་ཕྱིན་ཡོད་པ་དང་ད་དུང་མུ་མཐུད་དུ་བཙོན་འོག་ཏུ་ཡོད་པར་བརྟེན་དྲང་བདེན་མིན་པའི་ཁྲིམས་གཅོད་བྱས་པ་དེར་བསྐྱར་ཞིབ་བྱེད་དགོས་པའི་རེ་འདུན་བཏོན་ནས་ཁོང་གིས་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཕྱི་ཚེས་༡༥་ཉིན་ལྷ་སའི་མཐོ་རིམ་མི་དམངས་ཁྲིམས་ཁང་མདུན་དུ་བརྐྱངས་ཕྱག་འཚལ་དེ་ཞུ་འབོད་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ལ་མིང་དངོས་སུ་བརྗོད་འདོད་མེད་མཁན་གྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། ཚོང་པ་རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་དེ་རིང་ཕྱི་ཚེས་༡༥་ཉིན་ལྷ་སའི་མི་དམངས་ཁྲིམས་ཁང་གི་རྒྱལ་སྒོའི་མདུན་སོང་ནས་བརྐྱངས་ཕྱག་འཚལ་དེ་ཞུ་འབོད་བྱས་སོང་། སྤྱི་ན་སྔ་ཕྱི་བར་གསུམ་དུ་ཞུ་འབོད་ཀྱི་ལས་འགུལ་ཐེངས་མང་སྤེལ་ཡོད་ན་ཡང་ད་ལྟ་བར་དུ་དམིགས་གསལ་གྱི་ནུས་པ་ལྡན་པའི་གྲུབ་འབྲས་ཤིག་ཐོན་མ་སོང་།

གང་ལྟར་རྒྱ་ནག་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་བཅད་བཏང་ནས་ད་བར་དུ་ལོ་ངོ་༡༥ཙམ་ཕྱིན་ཟིན་པ་རེད། རེ་འབོད་གཙོ་བོ་ནི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གནད་དོན་སྐོར་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས་པ་དང་ཁྲིམས་དང་མཐུན་པའི་སྒོ་ནས་ཐག་གཅོད་ཅིག་བྱེད་རོགས། གསང་སྟབས་ཀྱི་ཁྲིམས་བཅད་བཏང་པ་དང་། ཉེས་མེད་ཉེས་འགལ་གྱི་ཁྲིམས་འགལ་ནག་ཉེས་བཙུགས་པ་བཅས་ནི་དྲང་བདེན་ཞིག་མིན་པའི་རྒྱུ་མཚན་གྱིས་དེ་རིང་ཞུ་འབོད་བྱས་པ་རེད་ཅེས་བརྗོད་པ་དང་མཉམ་དུ་མགོན་པོ་སྐྱིད་ལགས་ཀྱི་དེ་རིང་ལྷ་སའི་མི་དམངས་ཁྲིམས་ཁང་མདུན་བརྐྱངས་ཕྱག་འཚལ་དེ་ཞུ་འབོད་ཀྱི་ལས་འགུལ་སྤེལ་བཞིན་པའི་རྣམ་པ་བརྙན་དུ་བླངས་ཡོད་པ་འདི་གར་མཁོ་སྤྲོད་གནང་བྱུང་། དེ་ལྟར་ན་བོད་རིགས་ཚོང་པ་རྡོ་རྗེ་བཀྲིས་ལགས་སུ་དེ་སྔ་ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༦ཚེས་༢༦ཉིན་ལྷ་སའི་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་པ་བརྒྱུད་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་བུ་ལོན་སྔ་གཡར་དང་འབྲེལ་བའི་ངན་ཇུས་བཤམས་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཀག་སྟེ་ད་ཆ་ལོ་བཅོ་ལྔ་ཙམ་ཕྱིན་ཡོད་འདུག་ལ། སྔ་ཕྱི་བར་གསུམ་དུ་ཁོང་གི་ནང་མི་ཉེ་འབྲེལ་ཚོར་རྒྱ་ནག་གཞུང་གིས་འབོད་འགུག་འདྲི་རྩད་དང་ལྷག་པར་དུ་འཛིན་བཟུང་སོགས་ཀྱི་གནས་ཚུལ་ཡང་བྱུང་མྱོང་ཡོད་འདུག་པ་མ་ཟད། ད་དུང་རྒྱའི་བཙོན་འོག་དུ་ཡོད་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲིས་ལགས་ཀྱི་སྐོར་ནས་གནས་ཚུལ་ཕྱིར་བསྒྲགས་ལ་དམ་དྲག་དང་བཀག་སྡོམ་བྱས་དེ་གལ་སྲིད་གནས་ཚུལ་ཕྱིར་གྱར་བྱུང་བ་ཡིན་ན་ཁྲིམས་འགལ་ནག་ཉེས་ཕོགས་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད་འདུག

ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ནི་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་བླ་བྲང་ས་དཀར་སྡེ་བ་ནས་ཡིན་འདུག་ལ། ཕྱི་ལོ་༢༠༠༨ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་ཁོང་རྒྱ་གཞུང་གི་འཛིན་བཟུང་གིས་ཐོག་མར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་དང་། རྗེས་སུ་བུ་ལོན་གཡོ་ལེན་བྱས་ཡོད་པར་བསྙད་འདོགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་མ་ཟད། ཁོང་གི་རྒྱུ་ནོར་རྒྱ་སྒོར་དུང་ཕྱུར་༤༣ཙམ་གཞུང་བཞེས་བཏང་ཡོད་པ་རེད་འདུག

XS
SM
MD
LG