ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

སྲིད་སྐྱོང་དང་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཇལ་འཕྲད།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གཉིས་ཕྱི་ཚེས་༢༣་ཉིན་ལ་དྭགས་སུ་མཇལ་མོལ་གྱིས་ཁུལ་དེའི་བོད་པའི་གནས་སྟངས་དང་བོད་སྤྱིའི་གནད་དོན་སོགས་ལ་གྲོས་སྡུར་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་དེ་ཕྱི་ཟླ་༨་ པའི་ཚེས་༢༠་ཉིན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཡོད་ཅིང་། གཟའ་ཟླ་བའི་ཉིན་སྲིད་སྐྱོང་གིས་ལ་དྭགས་ཀྱི་རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་དང་གྲོས་ཚོགས་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་། དེ་བཞིན་རྒྱལ་ས་གླེའི་རྫོང་དཔོན་དང་ལ་དྭགས་ནང་པ་ཚོགས་པའི་མི་སྣ་ཁག་ལ་མཇལ་མོལ་གནང་འདུག

རྒྱ་གར་གྱི་བྷི་ཇཱེ་པི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་རྒྱ་གར་དབུས་གཞུང་དང་ས་གནས་གཞུང་སོགས་གང་དུ་ཡིན་རུང་བོད་པའི་སྤྱི་ཚོགས་དང་བོད་གཞུང་ལ་རོགས་པ་གང་ཐུབ་གནང་རྒྱུའི་ཁས་ལེན་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལ་སྤྱི་ཚེ་བརྟན་དབང་ཕྱུག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་དང་ས་གནས་ཀྱི་ཆེས་མཐོའི་དཔོན་རིགས་རྣམས་མཇལ་འཕྲད་ཀྱི་མཛད་རིམ་ཁག་གང་ལེགས་བྱུང་སོང་། བོད་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ས་གནས་སུ་ཕེབས་རྒྱུ་དེ་གལ་གནད་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་བཀྲལ། ལ་སྤྱི་ཚེ་བརྟན་དབང་ཕྱུག་གིས་མུ་མཐུད་དོན་བརྗོད་དོན་ལྟར་ན། ལ་དྭགས་ཀྱི་ས་གནས་མང་ཚོགས་དང་འགོ་ཁྲིད་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འགོ་ཁྲིད་ཚོར་གདེང་འཇོག་ཆེན་པོ་གནང་གི་ཡོད་པར་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་ཕྱི་ཟླ་༨་པའི་ཚེས་༢༠་ཉིན་ལ་དྭགས་སུ་ཕེབས་ཡོད་པ་ལྟར་ཐེངས་འདིའི་མཛད་རིམ་བརྒྱུད་ནས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་གནང་རྒྱུ། ལྷག་པར་དུ་བྱང་ཐང་གཙོས་ལ་དྭགས་ཀྱི་ས་གནས་ཁག་གི་བོད་པ་བཙན་བྱོལ་བའི་གནས་སྟངས་ལ་རྒྱུས་ལོན་བྱེད་པར་ནུས་པ་མཉམ་སྤུངས་ཀྱིས་མང་ཚོགས་ལ་སྲི་ཞུ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་འདུག

འདས་པའི་ཉིན་གསུམ་གྱི་རིང་དུ་སྲིད་སྐྱོང་གིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་བརྒྱ་ཤོག་སོ་སོ་དང་བོད་ཁྱིམ་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་ནས་གསུང་བཤད་གནང་ཞིང་། ལ་དྭགས་ཀྱི་ཤེལ་དང་ཁྲིག་སེ་དགོན་པ་བཅས་ལ་གནས་གཟིགས་སུ་ཕེབས་འདུག ཕྱི་ཚེས་༢༡་ཉིན་སྲིད་སྐྱོང་འདུས་གཅིག་འབྲོག་སར་ཕེབས་ནས་ཉེ་སྔོན་ར་ལུག་བརྒྱ་ཕྲག་ཁ་ཤས་ལ་ཁ་ཚའི་གོད་ཁ་བྱུང་སྟེ་ཁུལ་དེའི་བོད་པའི་ཁྱིམ་ཚང་ཁག་གི་གནས་སྟངས་ལ་གཟིགས་རྟོག་དང་མི་མང་གི་དཀའ་ངལ་ལ་གསན་ཞིབ། ད་ཐེངས་ཀྱི་ཕྱོགས་ཕེབས་མཛད་རིམ་ལྟར་ཕྱི་ཚེས་༢༤་ནས་ཉིན་བཞིའི་རིང་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་བྱང་ཐང་གི་ས་ཚིགས་ཁག་ཏུ་ཕེབས་རྒྱུ་ཡིན་པ་བཅས་ཀྱི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་ལྡི་ལིའི་ས་གནས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG