ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སུ་ཆིབས་སྒྱུར་ཞལ་བཞེས་གནང་ཡོད་པ། 


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པེ་རམ་སིང་རྟ་མང་མཆོག་གིས་དབུ་ཁྲིད་པའི་འབྲས་ལྗོངས་གཞུང་གི་ཆོས་རིག་བློན་ཆེན་སོ་ནམ་བླ་མ་མཆོག་དང་། དེ་བཞིན་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་འདུག

མཇལ་ཁ་གྲུབ་མཚམས་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་རྒྱལ་སྒོའི་ཕྱིར་གསར་འགོད་པ་ཚོས་སྤྱི་ཁྱབ་བློན་ཆེན་མཆོག་ལ་༧གོང་ས་ཆེན་པོ་མཆོག་དང་ལྷན་དུ་མཇལ་མོལ་ཇི་བྱུང་། དེ་བཞིན་འབྲས་ལྗོངས་སུ་ཆིབས་བསྒྱུར་ཞལ་བཞེས་ཐོབ་མིན་སོགས་དང་འབྲེལ་ཏེ་བཅར་འདྲི་ཞུ་ཐབས་ཞུས་ཀྱང་དུས་ཚོད་མ་རག་སྟབས། སླར་ཡང་བློན་ཆེན་ཁོང་གི་འབྲེལ་ཡོད་ལས་བྱེད་རྣམས་ལ་འབྲེལ་མཐུད་ཞུས་ཏེ་ཁོང་གི་བཞུགས་ཡུལ་ D, Polo གསོལ་མགྲོན་ཁང་དུ་ཆེད་བཅར་གྱིས་བཅར་འདྲི་ཞུ་ཐབས་ཞུས་པར་དང་ལེན་གནང་མེད་ཀྱང་། གོང་ཚེས་ཉིན་སྤྱི་ཁྱབ་བློན་ཆེན་ཁོང་གི་ངོ་དེབ་ཐོག་ཏུ་སྤེལ་བའི་གནས་ཚུལ་ནང་། དེ་རིང་འཛམ་གླིང་ཞི་བདེའི་ཉིན་མོ་དང་སྟབས་བསྟུན་ནས་སྤྱི་ཁྱབ་བློན་ཆེན་ཁོང་ཉིད་དང་ལྷན་དུ་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་མཆོག་དང་མཐོ་རིམ་དཔོན་རིགས་མང་པོ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱིས་བྱིན་རླབས་ཐོབ་ཐུབ་པ་བྱུང་བར་བསོད་ནམས་ཆེན་པོ་ཡིན་པ་དང་། ད་རེས་ཀྱི་མཇལ་བཅར་སྐབས་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་ ༡༠ བདུན་ཕྲག་གཉིས་པའི་ནང་འབྲས་ལྗོངས་སུ་ཆིབས་སྒྱུར་ཞལ་བཞེས་ཐོབ་པར་འབྲས་ལྗོངས་ཀྱི་མཐོ་རིམ་དཔོན་རིགས་རྣམ་པས་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུས་གནང་ཡོད་པ་འཁོད་གནང་འདུག་ལ། བློན་ཆེན་མཆོག་ནས་མུ་མཐུད་དེ་༧གོང་ས་ཆེན་པོ་མཆོག་མཇལ་བའི་དགའ་ཚོར་དང་། དེ་བཞིན་བྱམས་པ་དང་བརྩེ་བའི་ཟབ་ཅིང་བརླིང་བའི་གདམས་པས་ཡིད་འགུལ་ཚད་མེད་ཐེབས་པ་སོགས་འཁོད་གནང་འདུག ཡུལ་འབྲས་ལྗོངས་སུ་༧གོང་ས་ཆེན་པོས་ཞབས་ཀྱིས་གཅགས་གནང་རྒྱུའི་ཞལ་བཞེས་ཐོབ་པ་ནི་འབྲས་ལྗོངས་མི་དམངས་ཡོངས་ཀྱི་བསོད་ནམས་ཡིན་ལ། ༧གོང་ས་ཆེན་པོའི་མཛད་པ་དང་ཐུགས་རྗེའི་བྱིན་རླབས་ཀྱིས་འབྲས་ལྗོངས་མི་དམངས་ཡོངས་ལ་རེ་བས་ཁེངས་ཡོད་ཅེས་དང་། དེ་བཞིན་བློན་ཆེན་མཆོག་ནས་འབྲས་ལྗོངས་མི་དམངས་ཡོངས་ཀྱི་སྐུ་ཚབ་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་། བདག་སོགས་སེམས་ཅན་རྣམས་ལ་༧གོང་ས་ཆེན་པོའི་ཐུགས་ཀྱི་བྱིན་རླབས་འཛད་མེད་དུ་གནང་བའི་སྨོན་འདུན་ཞུ་ཞེས་སོགས་འཁོད་གནང་ཡོད་འདུག

དེ་དང་ཕྱོགས་མཚུངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁའི་སྐབས་སུ་ཁོང་རྣམས་ལ་ནང་པའི་ཆོས་དེ་བཞིན་རིག་པའི་ལམ་ནས་བསྒྲུབ་རྒྱུ་ཞིག་ཡིན་པ་ལས་དད་པ་ཙམ་གྱིས་མི་ཆོག་པ་དང་། དེ་བཞིན་ཚན་རིག་པས་ནང་པའི་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་སོགས་ཀྱི་སྐོར་བཀའ་སློབ་སྩལ་གནང་མཛད་ཡོད་འདུག

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༤ ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་འཚོགས་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་སྐབས་དང་བསྟུན་ནས་འབྲས་ལྗོངས་བློན་ཆེན་མཆོག་མགོན་པོ་མཆོག་གི་བཞུགས་གནས་སུ་ཆེད་བཅར་གྱིས་༧གོང་ས་ཆེན་པོ་མཆོག་དང་མཇལ་འཕྲད་གནང་སྟེ་མགོན་པོ་གང་ཉིད་འབྲས་ལྗོངས་སུ་ཞབས་སོར་འཁོད་གནང་རྒྱུའི་གསོལ་འདེབས་ཞུས་གནང་ཡོད་འདུག་ལ། ད་རེས་ཀྱང་བཞུགས་སྒར་དུ་ཆེད་བཅར་གྱིས་ཆིབས་བསྒྱུར་གསོལ་འདེབས་དང་སྦྲགས་ཞལ་བཞེས་ཐོབ་པ་འཁོད་ཡོད་འདུག

XS
SM
MD
LG