ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆཊ་ཀྱི་ས་ཞིང་བརྒྱ་ཆ་༩༠ ཙམ་ལ་སྟོན་ཉེས་བྱུང་འདུག


སྤྱི་ལོ་༢༠༢༣ ལོའི་ཕྱི་ཟླ་༨ པའི་ནང་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཆེ་ཁག་ལྔའི་ཡ་གྱལ། རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་ལ་ཐན་པ་བྱུང་སྟེ། སྟོན་ཉེས་ཀྱི་ཛ་དྲག་གནས་ཚུལ་བྱུང་བ་ལྟར། ད་ཆ་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་སོ་ནམ་ཞིང་པ་རྣམས་ཀྱི་ས་ཞིང་བརྒྱ་ཆ་དགུ་བཅུ་ལྷག་ལ་སྟོན་ཉེས་ཀྱི་གྱོང་གུན་ཚབས་ཆེན་པོ་ཕོག་ཡོད་པ་དང་། མངའ་སྡེ་གཞུང་ཀྱིས་ཀོ་ལི་གྷལ་གཞིས་ཆགས་དེ་སྟོན་ཉེས་བྱུང་བའི་མིང་གཞུང་ནང་གསལ་བསྒྲགས་བྱས་ཡོད་པར་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་སོ་ནམ་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ཚེ་རིང་རྡོ་རྗེ་ལགས་དང་། ཕྱག་འབྲེལ་ལས་བྱེད་གཉིས་བཅས་ས་གནས་སུ་ཆེད་གཏོང་གནང་སྟེ། ཟླ་བ་༡༢ པའི་ཕྱི་ཚེས་༢༠ ནས་༢༡ བར་ཉིན་གྲངས་གཉིས་རིང་རྟོག་ཞིབ་གནང་ཡོད་པའི་སྐོར་སོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

སྤྱིར་རྒྱ་གར་གཞུང་ནས་སྟོན་ཉེས་ཕོག་པའི་ཞིང་པ་ཚོར་གུན་གསབ་རོགས་དངུལ་གནང་སྲོལ་ཡོད་ཀྱང་། ཀོ་ལི་གྷལ་གཞིས་ཆགས་ཀྱི་ས་ཞིང་བདག་ཐོབ་ཀྱི་ས་རྡོ་ལག་འཛིན་ཞེས་པའི་ཡིག་ཆ་དེའི་ནང་ས་ཆའི་བདག་དབང་རྒྱ་གར་གཞུང་ཡིན་པ་གསལ་ཡོད་སྟབས། རྒྱ་གར་གཞུང་ནས་གུན་གསབ་རོགས་དངུལ་ཐོབ་རྒྱུ་ཁག་པོ་ཆགས་ཡོད་པ་གསུངས་སོང་།

ཡང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་༢༠༡༡ ལོར་གཏན་འབེབ་གནང་བའི་སྟོན་ཉེས་གུན་གསབ་རོགས་དངུལ་དེ་སྔོན་ས་ཞིང་ཨེ་ཀར་རེར་ཧིན་སྒོར་གསུམ་སྟོང་གནང་གི་ཡོད་ཀྱང་། ད་ལྟ་ཡུལ་དུས་གནས་སྟངས་དང་ཞིང་པ་ཚོའི་གྱོང་གུན་གྱི་གནས་སྟངས་སོགས་ལ་གཞིགས་ཏེ། གུན་གསབ་རོགས་དངུལ་སྒྲིག་གཞིར་བསྐྱར་བཅོས་གནང་ནས་གུན་གསབ་སྤར་ཆ་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད།

ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ནི་ཐོག་མར་བཙན་བྱོལ་བོད་མི་༣༤༠༠ ཙམ་གྱི་དཀའ་ངལ་སེལ་ཆེད། ༡༩༧༤ ལོའི་ཕྱི་ཟླ་ ༤ ཚེས་༢༧ ཉིན་གསར་འཛུགས་བྱས་པ་དང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་ཅམ་རཱཇ་ན་གར་རྫོང་ཁོངས་སུ་གནས་ཡོད་པ་རེད། གཞིས་ཆགས་དེའི་ནང་ས་ཆའི་རྒྱ་ཁྱོན་ཨེ་ཀར་༣༡༢༡ ཡོད་པ་ནས་ཨེ་ཀར་༢༤༩༥ ས་ཞིང་འདེབས་ལས་ཆེད་དུ་ཡིན་པ་རེད། དེ་སྔོན་ས་ཞིང་འདེབས་ལས་བྱེད་མཁན་ཞིང་པ་ཁྱིམ་ཚང་དྲུག་བརྒྱ་ལྷག་ཡོད་ཀྱང་། ད་ལྟའི་ཆར་ཉིས་བརྒྱ་བཞི་བཅུ་ལྷག་ལས་མེད་པ་རེད། དེ་དག་གི་ཁྲོད་ནས་ཁྱིམ་ཚང་༨༦ ལ་ཞིང་ཆུ་འདྲེན་གཏོང་གི་མཐུན་རྐྱེན་ཡོད་པ་དང་། དེ་འཕྲོས་ཞིང་པ་ཁྱིམ་ཚང་༡༦༠ ལྷག་ཆར་ཆུ་ཁོ་ནར་བརྟེན་དགོས་ཀྱི་ཡོད་པ་དང་། འདེབས་ལས་བྱེད་མཁན་ཉུང་ཤོས་ལ་ས་ཞིང་རྒྱ་ཁྱོན་ཨེ་ཀར་བཅུ་བཅོ་ལྔ་ཙམ་འདེབས་ལས་བྱེད་མཁན་མང་པོ་ཡོད་པ་རེད་འདུག རྒྱ་གར་ལྷོ་ཕྱོགས་ནས་ཨ་རེིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཡིན།

XS
SM
MD
LG