ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་འོས་ཤོག་མང་བ་ཐོབ་བཞིན་པ། 


༄༅།། ཕྱི་ལོ་༢༠༢༡་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་༡༡་ཉིན་ལེགས་གྲུབ་ཟིན་ཞིང་། དབུས་འོས་བསྡུ་ལས་ཁང་གིས་དངོས་གཞིའི་འོས་འདེམས་ཀྱི་གྲུབ་འབྲས་ཁག་ཕྱི་ཟླ་༥་པའི་ཚེས་༡༤་ཉིན་གསལ་བསྒྲགས་གནང་གཏན་ཁེལ་རུང་ས་གནས་ཕལ་ཆེ་བའི་སྲིད་སྐྱོང་གི་དངོས་གཞིའི་འོས་ཤོག་གྲངས་བཤེར་ཟིན་ཏེ་གསལ་བསྒྲགས་སྤེལ་བ་ཁག་ལ་གཞིགས་ཚེ། སྲིད་སྐྱོང་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལས་འོས་གྲངས་༥༠༠༠་ལྷག་མང་བ་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བོད་ཀྱི་དུས་བབ་དང་བོད་ཀྱི་ཉི་མ་གསར་ཤོག དེ་མིན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་པ་གནས་ཡུལ་གྱི་ས་གནས་སོ་སོའི་སྲིད་སྐྱོང་འོས་བསྡུའི་འོས་ཤོག་རྣམས་གྲངས་བཤེར་ཟིན་པ་ཁག་གསལ་བསྒྲགས་བྱས་ནས་སྲིད་སྐྱོང་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་གཉིས་ལ་འོས་ཤོག་མང་ཉུང་༥༠༠༠་ལྷག་གི་ཁྱད་པར་བྱུང་ཡོད་པར་མ་ཟད། བོད་ཀྱི་ཉི་མ་གསར་ཤོག་ལ་བོད་པ་ཁྲི་ཚོ་བརྒྱད་ལྷག་གིས་འོས་བསྡུའི་དེབ་སྐྱེལ་ཐོ་འགོད་བྱས་ཡོད་པའི་ཁོངས་ནས་འོས་འཕེན་པ་བརྒྱ་ཆ་བདུན་བཅུ་ཙམ་གྱིས་སྲིད་སྐྱོང་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལ་འོས་ཤོག་འཕངས་ཡོད་པའི་ཚོད་དཔག་བྱས་འདུག

ད་ལྟའི་ཆར་བོད་པ་གྲངས་འབོར་ཉུང་ཤས་ཡོད་པའི་ས་གནས་ཁག་སྟེ། ཨ་མི་རི་ཀའི་མངའ་སྡེ་ཁག་འགའ་ཞིག་གི་འོས་ཤོག་རྣམས་གྲངས་བཤེར་ཚར་མེད་ཀྱང་འོས་ཤོག་གྲངས་བཤེར་བྱས་ཟིན་པ་ཁག་ལ་བལྟས་ན་ཚོགས་ཟུར་སྤེན་པ་ཚེ་རིང་ལ་འོས་གྲངས་༣༢༠༠༠་ལྷག་ཐོབ། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་གྲངས་༢༧༠༠༠་ལས་ཐོབ་མེད་པས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ངེས་རེད་ཅེས་འགྲེལ་བརྗོད་བྱས་འདུག གལ་འགངས་ཆེ་ཤོས་ཤིག་ལ་འོས་ཤོག་འཕེན་མཁན་གྲངས་འབོར་མང་ཤོས་ནི་རྡ་རམ་ས་ལ་ཡིན་པ་དང་རྡ་རམ་ས་ལའི་ས་གནས་ཁག་ཏུ་ཚོགས་ཟུར་སྤེན་པ་ཚེ་རིང་ལ་འོས་ཤོག་༣༤༢༥་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་ཤོག་༡༩༣༣་ཐོབ། ལྷག་པར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་སམ། གངས་སྐྱིད་དུ་ཚོགས་ཟུར་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་འོས་གྲངས་༥༦༨་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་རྒྱབ་སྐྱོར་བྱེད་མཁན་འོས་གྲངས་༢༡༤་བྱུང་ཡོད་ཅིང་། དེས་ན་གངས་སྐྱིད་ས་གནས་སུ་ཚོགས་ཟུར་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་མང་བ་བྱུང་ཡོད་པ་གསལ་སྟོན་བྱས་འདུག

༢༠༢༡་ལོའི་ས་གནས་ཁག་གི་སྲིད་སྐྱོང་འོས་མིའི་དངོས་གཞིའི་གྲུབ་འབྲས་དེ་དག་ནི་བོད་ཀྱི་དུས་བབ་དང་བོད་ཀྱི་ཉི་མ་ལ་སོགས་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་བཏོན་པའི་གནས་ཚུལ་ལ་གཞིགས་བཞག་པ་ཡིན་པ་དང་རིང་མིན་ཕྱི་ཟླ་༥་པའི་ཚེས་༡༤་ཉིན་དབུས་འོས་བསྡུ་ལས་ཁང་གིས་གཞུང་འབྲེལ་ཐོག་ཏུ་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་རྣམས་གསལ་བསྒྲགས་གནང་གཏན་འཁེལ་འདུག་པ་བཅས་གོང་གི་གནས་ཚུལ་འདི་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་མཁན་ཀུན་བཟང་སྒྲོལ་མ་ཡིན།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG