སྤྱི་ལོ་༢༠༢༥ ལོའི་ཟླ་བ་༢ པའི་ཚེས་༧ ཉིན། ནང་སོག་ཁུལ་གྱི་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཧ་དཱ་ལགས་ཀྱི་ནང་མི་ཚོས་ཧ་དཱ་ལགས་སུ་ནད་གཞི་ཚབས་ཆེན་ཞིག་ཕོག་ནས། བདུན་ཕྲག་གཉིས་ཙམ་རིང་སྨན་བཅོས་བྱས་རྗེས། ད་ཆ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་གསུངས་ཡོད་པ་རེད། དེའི་སྔོན་ཙམ་ལ་ཉི་ཧོང་གི་གྲོས་ཚོགས་འཐུས་མི་བཞི་ཡིས་ཧ་དཱ་ལགས་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་དངོས་སུ་མཚན་འདོན་གནང་ཡོད་པ་དང་། མཚན་འདོད་གནང་བ་དེའང་ནོར་ཝེའི་ནོར་བྷེལ་ཚོགས་ཆུང་གིས་འོས་མིའི་ཁོངས་སུ་གཏན་འཁེལ་བྱས་ཡོད་པ་རེད།
ཧ་དཱ་ལགས་ཀྱིས་ལྷོ་སོག་པོའི་མི་དམངས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བར་སྐུལ་འདེད་གཏང་རྒྱུར་འབད་བརྩོན་གནང་སྟེ། ཚད་མཐོའི་རང་སྐྱོང་དང་མི་རིགས་རང་དབང་གི་ཚད་གཞི་མཐོ་རུ་གཏོང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་དང་། བྱེས་སུ་བཞུགས་པའི་སོག་པོ་ཚོས་ཁོང་ལ་ལྷོ་སོག་པོའི་ནེལ་སོན་མན་ཌེ་ལཱ་Nelson Mandela ཞེས་འབོད་སྲོལ་ཡོད་ཅིང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་གནས་ཚུལ་ལྟེ་གནས་ཀྱིས་བཏོན་པའི་གནས་ཚུལ་ལྟར་ན། ཟླ་བ་དང་པོའི་ཚེས་༢༥ ཉིན་གྱི་མཚན་མོར་ཁོང་བཟང་བཙོན་དུ་བཞག་སའི་གནས་ཁང་ནས་གློ་བུར་དུ་ནད་བབ་ལྕི་མོ་ཆགས་ཏེ་ས་ལ་འགྱེལ་བ་དང་། རྒྱ་ནག་གི་བདེ་འཇགས་མི་སྣས་ཁོང་ས་གནས་ཀྱི་གྲོང་ཁྱེར་ཧོ་ཧེ་ཧོ་ཐིའི་Hohhot སྨན་ཁང་ཞིག་ཏུ་ཛ་དྲག་སྨན་བཅོས་ཆེད་ཁྲིད་ཕྱིན་ཡོད་པ་རེད།
ཧ་དཱ་ལགས་ཀྱི་སྐུ་ཟླ་ཞིན་ནཱ་ལགས་ཀྱིས་ཧོ་ཧེ་ཧོ་ཐི་ནས་ཞལ་ཁར་བརྒྱུད་ནས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། ཧ་དཱ་ལགས་ནང་སོག་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གི་ནད་པ་ཛ་དྲག་ལྟ་སྐྱོང་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་གསུངས་ཡོད་ཀྱང་། སྤྱིི་ཟླ་༢ པའི་ཚེས་༦ ཉིན་གྱི་དགོང་མོར། གསར་འགོད་པས་ཞིན་ནཱ་ལགས་དང་འབྲེལ་བ་བྱུང་སྐབས། མོས་ཉེན་རྟོག་པས་ཧ་དཱ་ལགས་སྨན་ཁང་ནས་ཁྲིད་ཟིན་པ་དང་། ཁོང་གང་དུ་ཁྲིད་པའི་སྐོར་ཁོ་ཚོར་བརྡ་ལན་སྤྲད་མ་བྱུང་། ཞེས་བརྗོད་ཡོད་པ་རེད།
གླེང་སྟེགས།