༄༅།། ཨ་མི་རི་ཀ་དང་ཡུ་རོབ། ཨོ་གླིང་རྒྱལ་ཁབ་སོགས་ཀྱིས་རང་གི་ས་ཐོག་ཏུ་བཙན་བྱོལ་ལ་འབྱོར་བའི་ཞིན་ཅང་གི་ཡུ་གུར་བ་ཚོར་སྲུང་སྐྱོབ་དང་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་ཀྱི་ཡོད་ཀྱང་པ་ཀི་སི་ཐན་དང་ཨི་ཇེབ། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་སོ་ཌི་ཨ་རེ་བྷི་ཡ། ཏུར་ཀི་སོགས་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་གིས་རང་གི་ས་ཐོག་ཏུ་འབྱོར་བའི་ཞིན་ཅང་གི་ཡུ་གུར་བ་རྣམས་འཛིན་བཟུང་བྱས་ནས་བཙོན་འཇུག་བྱེད་པའམ། ཡང་ན་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་ཡུ་རོབ་རྒྱལ་ཁབ་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་གནས་འཁོད་ཡུ་གུར་བའི་ལས་འགུལ་བ་ཨ་ཡུབ་ཟེར་བ་ཞིག་གིས་༢༠༡༧་ནས་༡༩་བར་དུ་ཨི་ཇེབ་དང་སོ་ཌི་ཨ་རེ་བྷི་ཡ། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་གསུམ་གྱིས་ཡུ་གུར་བ་༢༨་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཤེས་རྟོགས་བྱུང་སོང་། འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་སླེབས་པའི་ཡུ་གུར་བའི་ཁྱིམ་ཚང་མང་དག་ཅིག་གིས་རང་གི་བཟའ་ཟླ་བུ་ཕྲུག་དང་ཕ་མ། གཉེན་ཚན་སོགས་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་སྲིད་པའི་འཇིགས་སྣང་གིས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་ཡུ་གུར་བ་ཚོ་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་ཡོངས་གྲགས་སུ་བཤད་ཕོད་ཀྱི་མི་འདུག་ཅེས་བཤད། རྒྱ་ནག་གིས་སོ་ཌི་ཨ་རེ་བྷི་ཡ་ནས་ཨི་རན་སོགས་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་དང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཅས་ཀྱིས་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཆེ་རུ་སོང་སྟེ་ཞིན་ཅང་གི་ཡུ་གུར་བ་བཙན་བྱོལ་བའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག
དེང་སྐབས་ཨི་ཇེབ་ཏུ་འཚོ་གནས་བྱེད་བཞིན་ཡོད་པ་དང་ལོ་ན་༢༩་ལ་སོན་པའི་ཡུ་གུར་བའི་བུད་མེད་མ་རི་ཡམ་ཞེས་པ་ཞིག་གིས་རང་གི་བུ་གཉིས་ལ་ཨ་ཕ་མུ་ཧ་ཏར་རོ་ཛི་ཕྱི་ལོགས་སུ་ལོ་མང་རིང་ལས་ཀར་ཕྱིན་པ་རེད་ཅེས་སྒྲུང་ཞིག་རྟོག་བཟོ་བྱས་ནས་གནས་ཚུལ་ངོ་མ་བཤད་དཀའ། མུ་ཧ་ཏར་རོ་ཛི་ཞེས་པ་དེ་རང་གི་བཟའ་ཟླ་བུ་ཕྲུག་ཚོར་ཁ་བྲལ་ནས་ལོ་༤་སོང་ཡང་ས་ལ་ཧི་དྷིན་དང་ཨ་ལ་དྷིན་ཞེས་མིང་བཏགས་ཡོད་པའི་བུ་གཉིས་ཀྱིས་ཨ་ཕ་གང་དུ་ཕྱིན་པ་རེད་ཅེས་ཨ་མར་འདྲི་རྩད་དེ་ཙམ་མི་བྱེད། བུ་རྒན་པ་ལོ་གཅིག་དང་ཕྱེད་ཀ་དང་བུ་ཆུང་བ་ཟླ་བ་༥་ཡིན་པའི་དུས་དེར་ཨ་ཕ་གར་སོང་ཆ་མེད་དུ་གྱུར། ༢༠༡༧་ལོའི་ཕྱི་ཟླ་༧་ཚེས་༡༦་ཉིན་མུ་ཧ་ཏར་རོ་ཛིས་ང་བཀག་ཉར་བྱས་སོང་ཞེས་ཁ་པར་ནང་དུ་ཆུང་མར་འཕྲིན་ཐུང་ཞིག་བཏང་ནས་བཟུང་། ཁོ་པ་བཟའ་ཟླ་བུ་ཕྲུག་ལ་ཐུག་མེད་པ་དང་མ་རི་ཡམ་གྱིས་ཀྱང་ཁྱོ་ག་འཆི་གསོན་ཅི་ཡིན་དང་ས་གནས་གང་དུ་ཡོད་མེད་སྐད་ཆ་ཚིག་གཅིག་མ་ཐོས། མུ་ཧ་ཏར་རོ་ཛི་ནི་ཨི་ཇེབ་གཞུང་གིས་ཡུ་གུར་བའི་སྐྱེས་པ་བཅུ་ཕྲག་འགའ་ཞིག་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ཚུད། རྒྱ་ནག་གཞུང་གིས་ཨི་ཇེབ་ལ་གནོན་ཤུགས་སྤྲད་ནས་ཡུ་གུར་བ་རྣམས་འཛིན་བཟུང་བྱེད་དུ་བཅུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༧་ལོའི་ཕྱི་ཟླ་༧་ནང་དུ་ཨི་ཇེབ་གཞུང་གིས་ཉུང་མཐར་ཡང་ཡུ་གུར་བ་༦༢་འཛིན་བཟུང་བྱས་ཤིང་། ཡུ་གུར་བ་ཁག་ཅིག་ཨི་ཇེབ་ཀྱི་ཨལ་ཨ་ཛར་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཡིན་འདུག མ་རི་ཡམ་གྱིས་རང་གི་ཁྱོ་ག་ཨི་ཇེབ་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཟིན་པའི་དོགས་པ་བྱེད་ཀྱི་ཡོད་པར་མ་ཟད། ཁོ་མོས་དངོས་ཡོད་གནས་སྟངས་དེར་གདོང་ལེན་བྱས་ནས་བུ་གཉིས་ལ་ལྟ་རྟོག་གང་ལེགས་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་ཁྱོ་གའི་མཐའ་མཇུག་གི་སྐད་ཆ་དེ་རྣམས་ཡིད་ལ་དྲན་ན་རང་དབང་མེད་པར་མིག་ཆུ་ཤོར། མུ་ཧ་ཏར་རོ་ཛིས་ཆུང་མར་ཁྱོད་ནི་ངའི་བླ་ན་མེད་པའི་རྩ་ཆེན་དེ་ཡིན། ང་ཁྱོད་ལ་ཤིན་ཏུ་དགའ་ཞེས་བཤད་པ་དེ་དག་ཡིན་ཞིང་། ཡུ་གུར་བའི་བུད་མེད་དེས་ངས་རང་གི་བུ་ཕྲུག་གི་དོན་དུ་མཁྲེགས་པོ་བྱེད་ཁུལ་བྱེད་ཀྱི་ཡོད་ཀྱང་ང་མཁྲེགས་པོ་བྱས་དྲགས་ནས་ཐང་ཆད་ཀྱི་འདུག་ཅེས་མིག་ཆུ་འབྱིད་བཞིན་ཨ་རིའི་སི་ཨེན་ཨེན་གསར་ཁང་གི་གསར་འགོད་པར་སྡུག་གཏམ་བཤད།།
ནུ་རི་མན་ཝྭེ་ལི་ཞེས་པའི་ཡུ་གུར་བའི་བུད་མེད་ཅིག་གིས་མི་ཚོགས་ཤིག་ཁྲིད་ནས་ཏུར་ཀིའི་ཨི་སི་ཊན་བྷུལ་གྲོང་ཁྱེར་དུ་བཅའ་སྡོད་སོ་ཌོ་ཨ་རེ་བྷི་ཡའི་དོན་གཅོད་ཁང་གི་མདུན་དུ་འདུས། ཁོ་མོས་ངའི་ཨ་ཕ་རྒྱ་ནག་ལ་རྩིས་སྤྲོད་མ་བྱོས་ཞེས་བྲིས་པའི་ཡིག་བྱང་ཞིག་འཕྱར། ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུ་གུར་བའི་བུད་མེད་དེའི་ཨ་ཕ་ཨབ་རྡུལ་ཝེ་ལི་༢༠༡༨་ལོར་སོ་ཌི་ཨ་རེ་བྷི་ཡར་གནས་སྐོར་དུ་ཕྱིན་པའི་སྐབས་སུ་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་འཛིན་བཟུང་བྱས་འདུག ད་སྔ་ཁོ་པ་རྒྱ་ནག་ལ་རྩིས་སྤྲོད་བྱས་མེད་ཀྱང་ནུ་རི་མན་དང་སྲིང་མོ་ཚོས་ཕ་རྒན་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་ཅིང་། ལོ་༤་ལྷག་གི་སྔོན་དེར་ནུ་རི་མན་དང་སྲིང་མོ་ཚོའི་ཨ་མ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར། བུ་མོ་དེ་ཚོས་དགུན་གྱི་གྲང་ངར་དང་དབྱར་གྱི་ཚད་པའི་ཁྲོད་དུའང་སོ་ཌི་ཨ་རི་བྷི་ཡའི་དོན་གཅོད་ཁང་གི་མདུན་དུ་ཨ་ཕ་སྐྱོབ་ཐབས་ཀྱི་ལས་འགུལ་སྤེལ། ཧམ་རྡུ་ལཱ་ཞེས་པའི་ཡུ་གུར་བའི་སྐྱེས་པ་གཞན་ཞིག་ཀྱང་སོ་ཌི་ཨ་རེ་བྷི་ཡར་གནས་སྐོར་ལ་སོང་ནས་བཟུང་ཐེབས། ཨོ་སི་མན་ཨྷ་མེ་ཐེ་ཞེས་པ་ཞིག་ཀྱང་བཟུང་བྱས་པ་དང་ཨོ་སི་མན་གྱི་བུ་མོ་དང་གཉེན་ཚན་ཚོས་ཟླ་བ་མང་པོར་རྩད་གཅོད་བྱས་པའི་རྗེས་སུ་སི་ཌི་ཨ་རེ་བྷི་ཡར་གནས་འཁོད་ཨོ་སི་མན་གྱི་ཉེ་དུ་རྒན་མོ་ཞིག་ཡོད་པ་དེར་སི་ཌི་ཨ་རེ་བྷི་ཡའི་གཞུང་གིས་ཨོ་སི་མན་གང་ནས་ཡོང་བ་དེར་ཕྱིར་སློག་བྱས་པ་ཡིན་ཞེས་བརྡ་བརྒྱབ། ཞིན་ཅང་གི་གཉེན་ཚན་ཚོས་ཨོ་སི་མན་རང་ཡུལ་ལ་ཕྱིར་སློག་བྱས་ཡོད་མེད་རྩད་གཅོད་མ་ཐུབ། ཡུ་གུར་བའི་ལས་འགུལ་བ་ཨ་ཡུབ་ཀྱིས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་སོ་ཌི་ཨ་རེ་བྷི་ཡར་ངོ་ཚ་མི་འདུག གལ་སྲིད་ང་ཚོ་ཡུ་གུར་བ་རྣམས་གནས་སྐོར་ལ་ཡོང་དུ་འཇུག་འདོད་མེད་ན་ཁྱོད་ཚོ་ཡོང་མི་དགོས་ཞེས་བཤད་ན་འགྲིག ཡུ་གུར་བ་ཚོ་གནས་སྐོར་ལ་ཡོང་བའི་དུས་སུ་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་ནི་ཐ་ཤལ་ཞིག་རེད་ཅེས་སྐྱོན་བཙུགས། ནུ་རི་མན་གྱིས་གལ་སྲིད་ངས་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་ཡུ་གུར་བ་ཚོ་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་ཚེ། ངས་ནམ་ཡང་ཨ་ཕ་སོ་ཌི་ཨ་རེ་བྷི་ཡར་གནས་སྐོར་ལ་འགྲོ་རུ་འཇུག་མི་སྲིད་ཅེས་བཤད།།
འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་དེར་ཞིན་ཅང་གི་ཡུ་གུར་བ་མང་པོ་ཞིག་ཏུར་ཀི་རྒྱལ་ཁབ་ལ་བཙན་བྱོལ་དུ་འབྱོར། ཏུར་ཀི་རྒྱལ་ཁབ་དང་ཤར་ཏུར་ཀི་སི་ཐན་ནམ། ཞིན་ཅང་གཉིས་མི་རིགས་དང་སྐད་ཡིག རིག་གཞུང་དང་ལོ་རྒྱུས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པས་ཏུར་ཀིའི་གྲོང་ཁྱེར་ཁག་ཏུ་ཡུ་གུར་བ་བཙན་བྱོལ་བའི་གྲོང་གླིང་ཐ་ཐོར་དང་ཡུ་གུར་བའི་སློབ་གྲྭ་སོགས་ཚུགས། ཡིན་ནའང་ཉེ་བའི་ལོ་ཤས་ཤིག་ནས་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་གྱིས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ་ཡུ་གུར་བ་བཙན་བྱོལ་བ་ཚོ་སྡོད་བཟོད་མ་བདེ་བ་ཞིག་ཏུ་གྱུར། ན་ནིང་ལོ་མཇུག་དེར་རྒྱ་ནག་དང་ཏུར་ཀི་གཉིས་ཀྱིས་རྩིས་སྤྲོད་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད། ད་ལྟ་ཏུར་ཀིའི་གྲོས་ཚོགས་ཀྱིས་ཆིངས་ཡིག་དེར་ཆོག་མཆན་འགོད་རྒྱུ་དེར་སྒུག་ཡོད་པས་ཏུར་ཀིའི་གྲོས་ཚོགས་ཀྱིས་ཆིངས་ཡིག་དེར་ཆོག་མཆན་བཀོད་པའི་རྗེས་སུ་ཡུ་གུར་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས། ཏུར་ཀིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་དང་ཏུར་ཀི་གཉིས་ཀྱིས་རྩིས་སྤྲོད་ཆིངས་ཡིག་ཅིག་བཞག་པ་ཡུ་གུར་བ་རྣམས་རྩིས་སྤྲོད་བྱ་རྒྱུ་དེར་གོ་བ་ལེན་གྱི་ཡོད་པ་ནི་ནོར་འཁྲུལ་རེད་ཅེས་བཀྲལ། འོན་ཀྱང་ཡུ་གུར་བའི་ལས་འགུལ་བ་ཨ་ཡུབ་ཀྱིས་བཤད་པ་ལྟར་ན། ༢༠༢༠་ལོར་ཏུར་ཀིའི་གཞུང་གིས་ཉུང་མཐར་ཡང་ཡུ་གུར་བའི་ཨ་མ་ཞིག་དང་བུ་ཕྲུ་གུ་གཉིས་ཚུད་པའི་མི་༤་ཏུར་ཀི་ནས་ཏ་ཇིཀ་སི་ཐན་ལ་ཕྱིར་འབུད་བྱས་འདུག རྒྱ་ནག་གིས་ཏ་ཇིཀ་སི་ཐན་དང་ཁ་ཛཀ་སི་ཐན་སོགས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་ནས་ཞིན་ཅང་གི་ཡུ་གུར་བ་རྣམས་རང་ཡུལ་ལ་ཕྱིར་སློག་བྱེད་དུ་འཇུག་གི་ཡོད་པ་རེད།།
བདུན་ཕྲག་སྔོན་མར་པ་ཀི་སི་ཐན་གྱི་ནང་སྲིད་ལྷན་ཁང་གིས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱི་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། ཞིན་ཅང་གི་ཡུ་གུར་བ་༢༠༠༠་ལྷག་ཁྲིམས་འགལ་གྱིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གནས་སྡོད་བྱེད་བཞིན་འདུག རྒྱ་ནག་གིས་པ་ཀི་སི་ཐན་ལ་ཡུ་གུར་བ་རྣམས་འཛིན་བྱས་ནས་རང་ཡུལ་ལ་ཕྱིར་སློག་བྱ་དགོས་ཞེས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་འདུག དེར་བརྟེན་པ་ཀི་སི་ཐན་གཞུང་གིས་རང་གི་ས་ཐོག་ཏུ་ཡུ་གུར་བ་ཅི་ཙམ་ཡོད་མེད་ཐོ་འགོད་བྱས་ནས་ཞིབ་འཇུག་བྱེད་འགོ་ཚུགས་ཡོད་ཅེས་བཤད། པ་ཀི་སི་ཐན་དུ་གནས་འཁོད་ཡུ་གུར་བའི་ཚོགས་སྡེ་ཁག་གི་འགོ་ཁྲིད་ཚོས་ཡུ་གུར་བ་བརྒྱ་ཆ་ཕྲག་འགའ་ཞིག་རྒྱ་ནག་ལ་རྩིས་སྤྲོད་བྱས་སོང་། ཡུ་གུར་བ་ཁག་ཅིག་རྒྱ་ནག་ལ་ཕྱིར་སློག་བྱས་པའི་རྗེས་སུ་སྲོག་ཁྲིམས་བཅད་ནས་བསད་པའང་བྱུང་སོང་། དུས་རབས་སྔོན་མའི་ལོ་རབས་༥༠་ནས་༧༠་བའི་བར་དུ་ཞིན་ཅང་གི་ཡུ་གུར་བ་སྟོང་ཕྲག་མང་པོ་པ་ཀི་སི་ཐན་ལ་ཡོང་ནས་གཞིས་ཆགས་པ་རེད། ད་ལྟའི་བར་དུ་ང་ཚོར་དཀའ་ངལ་མེད་པར་བདེ་འཇགས་ཡིན། ཉེ་དུས་ཤིག་ནས་ཡུ་གུར་བའི་སྐྱེས་པ་ཁག་ཅིག་གར་སོང་ཆ་མེད་དུ་འགྱུར་གྱི་འདུག ང་ཚོས་ཉེན་རྟོག་པར་འདྲི་རྩད་བྱས་ཀྱང་ལན་འདེབས་གསལ་པོ་ཞིག་བྱེད་ཀྱི་མི་འདུག པ་ཀི་སི་ཐན་གྱི་ཉེན་རྟོག་པ་ཚོས་ཡུ་གུར་བ་རྣམས་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་དོགས་པ་ཡོད་ཅེས་བཤད། ༢༠༡༩་ལོར་སོ་ཌི་ཨ་རེ་བྷི་ཡ་དང་ཨི་རན། ཨི་ཇེབ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ། ཏུར་ཀི་དང་པ་ཀི་སི་ཐན་སོགས་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་བཅུ་ཕྲག་འགའ་ཞིག་རྒྱ་ནག་གི་ཕྱོགས་སུ་ལངས། ཁོ་ཚོས་རྒྱ་ནག་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་ཡང་དག་པ་ཞིག་རེད་ཅེས་ཡོངས་གྲགས་ཀྱི་ཡི་གེ་ཞིག་བཀྲམ་ནས་རྒྱ་ནག་གི་ལངས་ཕྱོགས་དང་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།།